[A:༡༠༧]ཆེན་པོ་བྱུང་ཞེས་གསུང་བར་གྲགས། གྲྭ་ཚང་ནས་ཀྱང་ལེགས་སོའི་ཚུལ་དུ་ཚེ་དཔག་ལྷ་དགུ་ལ་བརྟེན་པའི་ཞབས་བརྟན་དང་མཎྜལ་འབུལ་བའང་རྒྱ་ཆེ་བ་དང༌། སྡེ་པ་ཀུན་ཆོས་ནས་ཀྱང་ཁྲོམ་དབང་གི་སྦྱིན་བདག་བགྱིས་ཏེ་བསྙེན་བཀུར་ཞིང་ཀར་དྲིལ་རྩེ་ལྔ། དབང་རྫས་ཉེར་མཁོ། ན་བཟའ་སོགས་འབུལ་ནོད་ཀྱང་གཟབས་རྒྱས་བསྟར། འབྲས་སྤུངས་སུ་རྒྱལ་སྲས་རིན་པོ་ཆེར་གསེར་ཆོས་དམར་པོ་སྐོར་གསུམ་སོགས་དབང་བཀའ་རྗེས་གནང་དུ་མ་འབུལ་བར་མཛད་དེ། དགའ་ལྡན་ཁང་གསར་དུ་ས་སྐྱོང་མི་དབང་མཇལ་ཕྱག་ལ་ཕེབ། དེ་སྐབས་མི་དབང་ཆེན་པོ་ནས་མདོ་ཁམས་སུ་ཕེབ་དགོས་ཀྱི་བཀའ་ནན་ཏན་སྩལ་ཏེ། ཕེབ་ལམ་དུ་རྫོང་སྒོ་སོ་སོ་ནས་གསོལ་ཕོག་དང༌། རྟ་འུལ། དོས་ཁལ་སོགས་ཀྱི་ལམ་ཡིག་བཀའ་ཤོག་སོགས་མཛད་དེ། དེ་བར་དགོན་གནས་ཆོས་གཞིས་རྣམས་ལ་གང་ཕན་བྱེད་ཅེས་པའི་ཞལ་བཟང་ཀྱང་སྩལ་ཏེ་མདོ་ཁམས་སུ་ཕེབ་པའི་སྒོ་དོད། རིམ་བཞིན་བསམ་ཡས་སུ་ཕེབ་སྟེ་གྲྭ་ཚང་གི་འདོད་པ་ལྟར་མདོ་སྡེ་མཆོད་པར་བཞུགས་ཤིང༌། གནས་སྲུང་ཆོས་སྐྱོང་ཆེན་པོ་ཁོག་ཏུ་རློམ་པར་མཆོད་གསོལ་ཕྲིན་བཅོལ་སོགས་མཛད་ཅིང༌། ཆོས་སྐྱོང་ནས་ཀྱང་འབྱུང་འགྱུར་གྱི་ལུང་བསྟན་ཡིད་ཆེས་པ་མང་དུ་གསུངས་ཏེ་སྐད་ཅིག་ཀྱང་མི་འབྲལ་བར་ཕྲིན་ལས་བསྒྲུབ་པར་ཞལ་གྱིས་བཞེས་ཤིང༌། ལྷ་རྫས་དང་སྐུ་སྲུང་ལྟ་བུར་བ་དན་ལེགས་པའང་སྩལ། གོང་དུ་བཤད་པ་ལྟར་འདར་གྲང་གདན་ས་ཞལ་གྱིས་བཞེས་ཀྱང་བདེ་གཟར་སྟབས་གཙང་དུ་ཕེབ་མ་ཐུབ་གཤིས་རིམ་འགྱང་དུ་ལུས་པས། ཁམས་ནས་ཡར་མ་ཕེབས་བར་བླ་གཞིས་ཚང་མ་གྲྭ་ཚང་སྤྱི་ནས་བླངས་པའི་འོང་འབབས་རྣམས་