R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༠༩
[A:༡༠༩]དང་སྟར་རྫོང་གི་རྫོང་དཔོན་བཀྲ་ཤིས་མཐོང་སྨོན་པ་དང༌། ཤོ་མདོ་ནས་འཕྱོང་རྒྱས་ཞོལ་ཁང་པ་གཉིས་ཀྱིས་སྣ་ལེན་ཟུར་གསོས་ཀྱང་རྒྱས་པར་མཛད། ཞོལ་ཁང་གི་སྡེ་པ་གཤེགས་པའི་བྱང་བཞུ་དང༌། རྒྱ་མདའ་ཁུལ་དུ་ཨོ་རྒྱན་བླ་མའི་སྒྲུབ་གནས་བྲག་དཀར་ལྷ་ཆུའི་གནས་རྟེན་རྣམས་ལ་མཆོད་འབུལ་སྨོན་ལམ་མཛད་དེ་རིམ་བཞིན་ཕེབ། སྤང་ལེབ་དགོན་དུ་དེའི་བླ་མ་རྡོ་རྗེ་བྲག་ནས་ཡིན་པ་ཞིག་འདུག་པ་དེས་ཀྱང་ཇ་ཞུས་དང་མཇལ་ཁ་མཛད། ཏལ་དཀར་ལ་རྩེར་གྲུབ་དབང་དམ་པ་སངས་རྒྱས་རྒྱ་མཚོ་དཔོན་གཡོག་ནས་ཕེབ་བསུར་ཕེབ་པ་དང་མཇལ། ཞལ་བསྲོ་སྣེ་ལེན་ཕུན་སུམ་ཚོགས་པ་མཛད་དེ་ལྷན་རྒྱས་སུ་ཆིབས་བསྐྱོད། རྗེ་བླ་མ་འདི་དང་སང་མཇལ་རྒྱུའི་ནུབ་མོ་གྲུབ་དབང་དམ་པ་དེའི་མནལ་ལམ་དུ། ཐང་ཆེན་པོ་ཞིག་གི་དཀྱིལ་ན་བླ་མ་དཔོན་གཡོག་མང་པོའི་བཞུགས་སྒར་བཏབ་འདུག་པར། བླ་མ་དེ་མགོན་པོ་བསོད་ནམས་མཆོག་ལྡན་ཡིན། ད་ལྟ་རང་མཇལ་དགོས་དགོངས་པ་གསལ་བར་བྱུང་བས་རྗེ་འདི་ཉིད་ཁྱབ་བདག་བཀའ་འགྱུར་བ་ཆེན་པོའི་ཡང་སྲིད་དུ་ངོས་འཛིན་མཛད། དེ་ནས་རིམ་བཞིན་དཔལ་འབར་དགོན་ནས་གདན་འདྲེན་དང་བསྙེན་བཀུར། ཆབ་མདོ་ནས་མགྲོན་གཉེར་ངོ་མ་མཇལ་ཁར་འབྱོར་ཏེ་དཀར་སྤྲོ་དང་ཟུར་གསོས་ཀྱང་རྒྱས་པར་ཕུལ། ལྷ་ཐོག་གཞུང་དུ་སྡེ་དགེའི་གཉེར་པ་དར་རྒྱས་དཔོན་གཡོག་ཉི་ཤུ་སྐོར་ཆིབས་སྔོན་པོ་བརྟན་བརླིང་འཛོམས་པ་གཅིག་དང་བཅས་ཕེབ་བསུར་འབྱོར། རི་མཐའ་རྫོང་ནས་དཔོན་གུ་རུས་ཆིབས་བསུ་དང་ཐབ་བསུ་རིང་ཐུང་སོགས་བཀུར་སྟི་ཕུན་སུམ་ཚོགས་པ་དང་བཅས་ཏེ་རྫོང་དུ་གདན་དྲངས་ཤིང་བསྙེན་བཀུར་འབུལ་ནོད་ཀྱང་རྒྱ་ཆེར་བསྟར། ཡེ་ན་རྫོང་དུ་དཔོན་དཔལ་ལྡན་གྱིས་