[A:༡༡༠]ཀྱང་བསུ་བ་བསྙེན་བཀུར་སོགས་གོང་མཚུངས་བཅས་རིམ་བཞིན་ཕོ་བྲང་ཆེན་པོ་ལྷུན་གྲུབ་སྟེང་དུ་ཕྱགས་ཕེབ། མར་ལམ་གྱི་ཕེབ་ལམ་ལུང་པ་གསེར་གཤོང་དང་ཆུ་སོགས་ཡོད་པ་ཞིག་ཏུ་གསོལ་ཚིགས་ཐོན་ནས་སྐུ་གསེང་ལ་ཕེབ་སྟེ་དུས་འཁོར་གྱི་གར་གྱི་སྟངས་ཀ་འགའ་ཞིག་མཛད་པར། དེ་འཕྲལ་ལུང་པའི་ཕུ་ནས་འོངས་པ་ལྟ་བུའི་བན་གཟུགས་ཧུར་སྤྱོད་ཅན་ཞིག་བྱུང་བར་ཁྱེད་སུ་ཡིན་གསུངས་པས། ང་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཡིན། གྲུབ་མཐའ་ཐམས་ཅད་ཀྱི་གྲལ་མགོར་ང་སྡོད་པ་ཡིན། ཁྱེད་ཀྱིས་ད་ཅི་ནས་མཛད་པའི་གར་དེ་ཡང་བསྐྱར་གནང་ཞུ་དང་ཟེར། དེ་བཞིན་མཛད་པས་ཁྱེད་རང་འདིར་བཞུགས་ཤིག །ངས་ནག་གུུ་མ་ཞིག་བླང་འོང་གི་ཟེར། ཅི་ཁྱེར་འོང་ངམ་དགོངས་པ་ན། ཆང་ཕིང་ཆུང་གང་ཁུར་བྱུང་བ་ལ་ཡེ་ནས་མ་གསོལ་བས་དབུ་ཚུགས་ཀྱིས་ཕྱག་མཐིལ་དུ་ཐིགས་པ་གཅིག་གཉིས་བླུགས་པ་སོགས་ལོ་རྒྱུས་ཡ་མཚན་ཅན་ཞིག་ངེད་རང་ལ་གསུང་བྱུང་བས། དེའི་དོན་རྣལ་འབྱོར་ནི། ཐབས་དང་ཤེས་རབ་གཉིས་མེད་པའི། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་པ་ལྟར་གཉིས་མེད་ཀྱི་དོན་དང༌། གྲུབ་མཐའ་ཐམས་ཅད་ཀྱི་གྲལ་མགོར་ང་སྡོད་པ་ཡིན་ཞེས་པས་ཀྱང་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གཉིས་མེད་དུས་ཀྱི་འཁོར་ལོ་བསྟན་པས། མདོ་སྨད་ཕྱོགས་སུ་དེའི་བསྟན་པ་ཉིན་མོ་ལྟར་མཛད་བཞེད་ལ། ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་སམ། ཁྱུང་པོ་རྣལ་འབྱོར་གྱིས་ནག་གུ་མ་སྟེ་ནི་གུབྟ་སྦས་ཚུལ་གྱིས་ནི་གུ་མ། ཤེས་རབ་མ་ད་ན་ཡི་ཆང༌། །ཞེས་པ་ལྟར་ཤེས་རབ་བདུད་རྩིའི་རྣམ་པར་བསྒྱུར་ཏེ་ཟུང་འཇུག་གི་རྟེན་འབྲེལ་བླ་ན་མེད་པ་བསྒྲིགས་པར་སེམས་ཤིང༌། འདི་ནི་སྔོན་