R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༡༢
[A:༡༡༢] ཀུན་གྱིས་འདི་ལ་བུ་རིན་པོ་ཆེ་དང་བུ་ཚང་སོགས་ཟེར་བས། འཇམ་དཔལ་རྩ་རྒྱུད་ལས། ཆུ་བོ་གསེར་ལྡན་འགྲམ་ལོགས་སུ། །རྒྱལ་པོ་གཞོན་ནུའི་མིང་ཅན་འབྱུང༌། །ཞེས་པ་དེ་ཡིན་འདུག་གསུངས། ས་སྐྱོང་ཆོས་ཀྱི་རྒྱལ་པོ་དཔོན་སློབ་རྣམས་ལ་ཐོག་མར། རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་རྗེས་སུ་གནང་བ་སྔོན་དུ་འགྲོ་བའི་ཟབ་ཆོས་ཀྱི་རིགས་མང་པོ་དང༌། ལྷག་པར་དཔལ་དུས་ཀྱི་འཁོར་ལོ་རྭ་འབྲོ་གཉིས་ཀྱི་བརྒྱུད་པའི་ཆུ་བོ་གཉིས་འདྲེས་སུ་གྱུར་པ་གངས་ཅན་མཁས་པའི་དབང་པོ་བུ་སྟོན་རིན་ཆེན་གྲུབ་པའི་བཞེད་པ་ཕྱིན་ཅི་མ་ལོག་པའི་མངོན་རྟོགས་དང༌། དཀྱིལ་ཆོག་ནག་འགྲོས་བཀླགས་ཆོག་གི་ཡི་གེ་གཉིས་དཔྱད་གསུམ་རྣམ་པར་དག་པ་དང༌། བརྒྱུད་འདེབས་ཁ་སྐོང་སོགས་གསར་བསྒྲིགས་མཛད། དགོན་ཆེན་གྱི་གྲྭ་པ་རྣམས་ལ་དཔེ་ཆ་བློ་འཛིན་བྱེད་དགོས་ཀྱི་བཀའ་ཁྱབ་གནང་བར། ཟླ་བ་གཉིས་ལྷག་ཙམ་ལ་བརྒྱུད་འདེབས་མངོན་དཀྱིལ་དང་བཅས་པ་གཅིག་བཤུར་ཕེར་བ་བདུན་ཅུ་ལྷག་པ་བྱུང་བ་རྣམས་ལ་གདངས་དང་གར་ཐིག་རྣམས་སྦྱོང་བདར་མཛད། འདི་སྐབས་སོ་སོར་མང་ཇ་དང༌། དར་འགྱེད་སོགས་གསོལ་རས་གྱ་ནོམ་པ་སྩལ་བས། ཐབས་མཁས་ཁྱད་པར་ཅན་ཁོ་ན་ལས་དབང་ཆེན་དང་ཤེ་མོང་ལྟ་བུ་ཡེ་མ་མཛད་པས་སློབ་གཉེར་བ་ཉམས་ཅད་དགའ་མགུ་ཡི་རངས་ཏེ། བླ་མ་དང་སྦྱིན་བདག་ཐམས་ཅད་མཛད་མཁན་ཞབས་དྲུང་དབོན་རིན་པོ་ཆེ་ལྟ་བུ་དཀོན་ཞེས་སྤྲོ་དགའི་ཅ་ཅོ་ཅིའང་སྒྲོགས་ཤིང༌། ས་སྐྱོང་ཆེན་པོས་ཀྱང་གར་གོས། པང་ཁེབས། རུས་རྒྱན། སྐྲ་ཞྭ། རྩེ་ཕྲན། ཕུར་པ། རྣམ་བུམ་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཚང་མ་རྒྱུད་དང་མཁས་པའི་དགོངས་པ་བཞིན་ལྷག་ཆད་མེད་པར་གསར་བསྒྲིགས་མཛད། ས་སྐྱོང་དཔོན་བློན་དང༌། ཆོག་