[A:༡༡༡]རྗེ་ཡོངས་འཛིན་གྱིས་ཨེ་ཝཾ་གྱི་འདུ་ཁང་དུ་རྒྱུད་འབུམ་གྱི་ལུང་གནང་སྐབས་རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་མགོར་གྲུབ་ཐོབ་སྒོག་སྨྱོན་པ་ཆང་དམ་ཆུང་གང་དང་ཁྱི་གུ་ཞིག་ཁྱེར་ནས་དཔོན་སློབ་ཀུན་གྱི་ཕྱག་ཏུ་ཆང་ཐིགས་རེ་ཕུལ་ནས་རྒྱུད་དེའི་ལུང་རྫོགས་པར་ཉན་རྗེས་གར་སོང་ཆ་མེད་ཞིག་བྱུང་བ་དང་ཚུལ་མཚུངས་པས་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་རོ། །དེ་ནས་ཐོག་མར་འདི་ཁའི་འབུལ་སྡུད་བླ་མའི་ཁང་པར་བཞུགས། དེ་སྐབས་ས་སྐྱོང་ཆོས་རྒྱལ་ཆེན་པོ་དེ་ཉིད་དབྱར་འདོང་ལ་ཕེབ་པར། སྐྱབས་མགོན་དམ་པ་འདི་ཉིད་ཕེབ་པའི་གནས་ཚུལ་གསན་འཕྲལ་ཕོ་བྲང་དུ་ཆིབས་ཁ་བསྒྱུར་ཏེ། གཟའ་ཚེས་དུས་སྦྱོར་བཟང་པོར་ཕན་ཚུན་གཏོང་བའི་སྒོ་བརྒྱ་རྣམ་པར་ཕྱེ་བའི་ཟང་ཟིང་གི་ཚོགས་དང་གསུང་གསང་གི་ནོར་བུ་རེ་རེ་ལས་ཀྱང་ལེགས་པར་བཤད་པའི་འདོད་རྒུ་འབུམ་དུ་འཛག་པའི་སྔོན་རབས་དམ་པའི་རྗེས་སུ་འབྲང་བའི་ལེགས་བཤད་ཀྱི་སྐྱེས་བཟང་པོ་ཕུན་སུམ་ཚོགས་པ་དང་བཅས་ཏེ་ཕོ་བྲང་ཆེན་པོ་དངུལ་མདའ་སྟེང་དུ་མཆོད་ཡོན་མཇལ་འཕྲད་ཐོག་མར་མཛད་པས་སྔར་འདྲིས་ཀྱི་མཛའ་བོ་འཕྲད་པ་བཞིན་དུ་དགྱེས་པ་རབ་ཀྱི་རྩེར་སོན་པས་གནས་སྐབས་དང་མཐར་ཐུག་གི་རྟེན་འབྲེལ་མཐའ་དག་རང་འགྲིགས་པས། རྒྱ་ཆེན་ཐུགས་བསྐྱེད་ཀྱི་མཐུ་ལས་ཉེ་བར་གྲུབ་པའི་འབྲས་བུ་གཟུགས་ཅན་བཞིན་དུ་གྱུར་ཏོ། །རྗེའི་བཀའ་ལས། ཆོས་རྒྱལ་འདི་རྗེ་བཙུན་གཡུ་ཐོག་པའི་སྤྲུལ་པ་ཡིན་ཟེར་བ་འདྲ་མོའང་ཡོད་དེ། ཟླ་བ་བཞི་པའི་ནང་མངའ་ཞབས་ཀྱི་འཚོ་བྱེད་མཁས་པ་རྣམས་བསྡུས་པའི་མགོར་ས་སྐྱོང་རང་ཡང་བྱོན་ནས་སྨན་སྦྱོར་ཕོན་ཤིན་ཏུ་ཆེ་བ་མཛད་དེ། སྨན་སྦྱིན་གནང་བསམ་གསུངས། མཁན་ཆེན་བསོད་ནམས་བཟང་པོའི་བཀའ་ལས།