[A:༡༡༣]གྲྭ་བའི་དགེ་འདུན་རྣམས་ལ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཐུན་མོང་བྱིས་པ་འཇུག་པའི་དབང་བདུན། གོང་མ། གོང་ཆེན། བདག་པོ་ཆེན་པོའི་དབང་དང་བཅས་པ་ཚིགས་གསུམ་ཐོབ་པའི་རྣམ་གཞག་དང་བསྟུན་ནས་རྒྱས་པར་མཛད་དེ། ཐུན་མོང་ཞེས་པ་ལྕགས་ཁྱི་ལོ་འོ་སྐོལ་གྱི་རྣམ་འདྲེན་ཤཱཀྱའི་རྒྱལ་པོ་དེས་ཤྲཱི་དྷ་ནྱ་ཀ་ཊ་ཀར། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དང་པོའི་སངས་རྒྱས་དུས་འཁོར་སྟོང་ཕྲག་བཅུ་གཉིས་པ་གསུངས་པའི་དུས་ཆེན་ནག་བ་ཟླ་བའི་གཟའ་སྐར་དུས་ཚེས་བཟང་པོར་སྐྱབས་མགོན་མཚུངས་མེད་དམ་པ་འདི་ཉིད་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བཀླུབས་ཏེ་གར་དཔོན་དུ་ཕེབ། ས་ཆོག་གི་གར་ཉམས་དགུའི་རོལ་བས་མངོན་པར་དཔའ་བ་མཐོང་ཐོས་ཀྱི་སྐྱེ་བོ་རྣམས་སྣང་བ་འགྱུར་ནུས་པ་དང༌། ཕུར་གདབ། སྟ་གོན། སྦྱིན་སྲེག །མཆོད་གར་དང་བཅས་སྒྲུབ་མཆོད་བདག་འཇུག་ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་མ་འཕྱུགས་ཤིང་འགད་གཙང་བར་འཛུགས་པར་མཛད། ས་སྐྱོང་ཆེན་པོས་ཀྱང་འཛུགས་སྟོན་དང་རྒྱུན་གྱི་མང་འགྱེད་སོགས་ཀྱང་ཕལ་གྱི་བློར་མི་ཤོང་བ་ལྟ་བུའི་བསྙེན་བཀུར་རྒྱ་ཆེ་ལ་དངོས་གཙང་བར་བསྒྲུབས་པར་མཛད་དོ། །ས་སྐྱོང་ཆོས་རྒྱལ་ཆེན་པོ་དེ་ཉིད་དབྱར་དབྱར་མཐོང་དང༌། སྟོན་ཐོག་བསྡུ་བ་སོགས་ལ་རྫོང་འོག་ཉེ་སྐོར་རྣམས་སུ་ཕེབ་སྲོལ་ཡོད་པར། དེ་སྐབས་ཀྱང་འབྲལ་མེད་དུ་ཕེབ་སྟེ། སྒྲུབ་ཐབས་རྒྱ་མཚོ་སོགས་སྤྱི་བཀའ་དང༌། ཟུར་བཀའི་དབང་བྱིན་རླབས་རྗེས་གནང་གི་རིགས་རྒྱུན་དུ་ཆག་མེད་ལྟ་བུར་འབུལ་བར་མཛད། ལོ་འདིའི་སྟོན་མཇུག །ས་སྐྱོང་མཆོག་ནས་འབུལ་བ་སྔ་ཕྱིར་སྩལ་བ་རྣམས་ཀྱིས་མཚོན་དད་ལྡན་གྱི་དངོས་པོ་རྣམས་ཆུད་མི་ཟ་བའི་ཕྱིར།