[A:༡༡༤] སྙན་བརྒྱུད་ཀྱི་གདན་ས་བཀྲ་ཤིས་ཆོས་སྡེར་རྒྱུན་ཇའི་ཐེབས་སུ་དམིགས་ཀྱིས་བསལ་བ་གསེར་རྐྱང་མགུར་ཞོ་བརྒྱ་དང༌། གཞན་མ་ས་སྐྱོང་མིའི་དབང་པོ་སོགས་ལ་འབུལ་རྒྱུའི་ཞུ་ཡིག་རྟེན་ཆས་རྣམས་དང༌། བཟང་ཇ་སྣ་ཚོགས་འཁོར་དྲུག་བརྒྱ་དང་བདུན་ཅུ། ཝ་ལྤགས་ལྔ་བཅུ་ང་བདུན། གླ་འཁོར་བཅུ་བདུན་སྐོར། རྩིས་རྟ་མི་ཐེ་བའི་རྟ་རྐྱང་ཉི་ཤུ་རྩ་ལྔ། མཛོ་བཞི་བཅུ་ཞེ་བཞི། དྲེའུ་བཅོ་ལྔ། ཁ་བཏགས། སྨན་ཚེ། ལིང་ཟམ་སོགས་སྣ་ཚོགས་ཕོན་ཆེ་བ་བཅས་རྩིས་སྤྲོད་གནང་སྟེ། གསེར་རྐྱང་རྒྱུན་ཇའི་ཐེབས་སུ་སྦྱོར་རྒྱུ་ངོ་ཐོག་དང༌། དངོས་པོ་བྱིངས་ཀྱི་ཐོག་ནས། ཆོག་མང་འདི་དཀྱིལ་འཁོར་སྒྲུབ་མཆོད་གཞན་དང་མི་འདྲ་བར། གཏོང་སྒོ་བ་རྣམས་ཁག་སྦྱོང་ཆེ་བར་ཕན་ཕྱིར་རབ་དངུལ་སྲང་བརྒྱ་ཙམ། ཐ་ནའང་དངུལ་སྲང་ལྔ་བཅུ་སྐོར་སྦྱོར་འཇགས་བྱེད་རྒྱུ་དང༌། དེ་འཕྲོས་ཁམས་སུ་དགོས་པའི་ཉོ་ཆ་ཕྲན་བུ་མ་གཏོགས། དེ་ཕྱིན་རྒྱུན་ཇའི་ཐོག་ཏུ་བསྒྲིལ་བའི་བཀའ་བཀོད་མཐར་ཕྱིན་དང་བཅས་ཕྱག་མཛོད་ལྷུན་གྲུབ་ཀུན་དགའ་དབུས་སུ་རྫོང་བདའ་མཛད་པར། རྒྱུན་ཇའི་ཐོག་ཏུ་ཁྱོན་བསྡོམས་དངུལ་སྲང་བརྒྱ་དང༌། ཆོག་མང་ཐོག་ཏུ་སྲང་བཅུ་དྲུག་སྦྱོར་འཇགས་སུ་སྩལ་ཞིང༌། དེ་མཚུངས་གྲོང་ཆེན་དུའང་རྡོ་རྗེ་སློབ་དཔོན་གཙོ་བོར་སྨོས། ལས་སྣེ་བ་རྣམས་ཀྱིས་མཚོན་ཚང་མས་བསྟན་པ་སྙིང་ཁོངས་སུ་བཅངས་པའི་མཛད་བཟང་གཡེལ་མེད་དགོས་ཚུལ་གྱི་ཐུགས་དམ་རྟེན་བཀྲས་བཏགས། མང་ཇའི་རྒྱུར་གསེར་ཞོ་བརྒྱད། ཀོ་རྩེ་བག་གཉིས། ཆུང་ཇུ་བག་གཉིས་བཅས་ཀྱང་སྩལ། ཕྱག་མཛོད་འཁོར་བཅས་ཕག་ལོའི་སྟོན་མཚམས་སུ་རྗེ་ཉིད་ཀྱི་ཞབས་དྲུང་དུ་འབྱོར་བར། རྟ་གསུམ། དྲེལ་བཅུ་གཅིག