[A:༡༡༥] །དངུལ་སྲང་བཅུ་དགུ། ན་བཟའ་ཆ་ཚང་གཉིས་ཀྱི་རྩིས་སྣམ་བུ་དང་ཐེར་མ་སྣ་ཚོགས་བུབ་སུམ་ཅུ་སྐོར། གཙོད་དོ་འགའ་ཞིག་བཅས་ཕུལ། སྐྱབས་མགོན་དམ་པ་འདི་ཉིད་ཟང་ཟིང་གི་རྫས་ལ་ཐུགས་ཞེན་ཆེ་བ་ག་ལ་ཡིན་ཀྱང་སྦྱོར་འཇགས་གནང་དགོས་རྣམས་དགོངས་པ་བཞིན་མ་གྲུབ་པས་ཐུགས་འཁྲུགས་པར་བྱུང་བ་རྗེས་སུའང་ཡང་ཡང་གསུང་ངོ༌། །ཁྱི་ལོའི་མཇུག་དང་ཕག་ལོའི་ནང་དུ་ཕྱག་འབྱོར་བྱུང་བའི་དངོས་པོ་རྣམས་མར་དང་མཛོ་མོར་བསྒྲིལ་བར་གནང་བར། མར་འགར་ཐར་རྒྱ་མའི་ཁལ་བརྒྱ་དང་བརྒྱད། མཛོ་མོ་ལེགས་ངེས་བརྒྱད། གསེར་སྲང་གསུམ། དངུལ་རྟ་རྨིག་མ། ཆིབས་ཆིབས་རོལ་བཅས་པ། དྲེའུ་གསུམ་སོགས་ཕྱག་ན་གང་ཡོད་སྤང་དག་གི་ཚུལ་དུ་གོང་ས་ཐམས་ཅད་མཁྱེན་གཟིགས་ཆེན་པོར་འབུལ་བར་ཕེབ་ལམ་གྱི་དཀའ་ཚེགས་ཁྱད་དུ་བསད་དེ་ཟླ་བ་དགུ་པའི་ནང་དུ་ཧོར་གཞུང་བརྒྱུད་འགར་ཐར་དུ་སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་བློ་བཟང་སྐལ་བཟང་རྒྱ་མཚོའི་ཞབས་དྲུང་དུ་ཕེབ་པ་ན་གོང་ས་མཆོག་དང་སྐུ་འཁོར་ཚང་མས་གནང་སྐྱེས་དང་བདག་རྒྱན་ཕུན་སུམ་ཚོགས་པར་མཛད། ཁྲི་ཆེན་ནོ་མོན་ཧན་གྱི་དྲུང་ནས། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་དག་སྣང་མ་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་ཚེ་དབང་གསན། སླར་ཡང་དངུལ་མདའ་ལྷུན་གྲུབ་སྟེང་དུ་ཆིབས་བསྐྱོད་བྱི་ལོའི་ནང་དུ་ལྷུན་གྲུབ་སྟེང་གི་ཇ་མཛོད་དུ་རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང༌། ཕྱི་ནང་གསང་བ་རབ་འབྲིང་མཐའ་མ་སོགས་དེང་སང་ཕྱག་ལེན་དུ་ཇི་ལྟར་མཛད་པ་ལྟར་གྱི་རྟེན་འཛུགས་ཀྱི་རིམ་པ་རྣམས་གཟབས་རྒྱས་སུ་མཛད། ས་སྐྱོང་དཔོན་