[A:༡༡༦]སློབ་ནང་སྐོར་རྣམས་ལ་རྣམ་ཐོས་སྲས་ལྔ་ཕྲག་གསུམ་གྱི་རྗེས་སུ་གནང་བ་རྒྱབ་བརྟེན་གྱི་ལུང་དང་བཅས། ཟབ་པའི་མཐར་ཐུག་གསེར་ཆོས་དམར་པོ་སྐོར་གསུམ་གྱི་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་བྱིན་རླབས་རྗེས་གནང་རྣམས་དང༌། རྗེ་བཙུན་རིག་བྱེད་དབང་མོའི་ཟབ་ཁྲིད་སྙན་བརྒྱུད་ཀྱིས་བརྒྱན་པ། དེ་གསུམ་ཀའི་བེའུ་བུམ་གྱི་ལུང་དང་བཅས་པ་རྒྱས་ཤིང་གབ་སྦས་མེད་པ་ལྷུག་པར་སྩལ། དེ་སྐབས་སུ་ཕྱི་རོལ་དུ་ལྗོངས་རྒྱུ་བར་ཕེབ་པའི་ཚེ་ཨ་ཙ་ར་ཞིག་དང་མཇལ་བ་ན་མན་ངག་ཅི་ཤེས་ཀྱི་གསུང་དང་བརྡ་མཛད་པས། དེས་རྒྱ་དཔེ་གང་ཡོད་གཟིགས་ཕུལ་ཤིང༌། ཁྱད་པར་ཤིང་ཤུན་ཞིག་ལ་སྔགས་བཏབ་ནས་འབབ་ཆུར་བསྐུར་ཚེ་དེ་འདྲ་ཚར་ཉེར་ལྔ་ཙམ་ལ་རྒྱལ་པོ་དབང་དུ་སྡུད་ཐུབ་པའི་མན་ངག་ཡོད་ཟེར་བ་ལྟ་བུས་རྒྱ་སྐད་དང་ལག་བརྡ་ཞུས་འདུག་པ་ངོ་མཚར་བའི་གནས་སུ་སེམས། སྐབས་འདིར་གནམ་བསྐོས་གོང་མ་བདག་པོ་ཆེན་པོ་ནས་སྡེ་དགེ་ཆོས་རྒྱལ་དེ་ལ་གསོལ་རས་སུ་མཛོད་དངུལ་རྟ་རྨིག་མ་ཉི་ཤུ། གོས་ཡུག་ཉི་ཤུ་སོགས་སྩལ་བ། དེའི་ཕུད་ལྟ་བུར་རྟ་རྨིག་མ་གཅིག་རྗེས་གནང་ཞིག་གི་སྐབས་འབུལ་བར་མཛད་དེ། རྣམ་སྲས་ཀྱི་རྟེན་འཛུགས་དང༌། དམར་པོ་སྐོར་གསུམ་གྱི་ཆོས་སྐོར་སོགས་མཛད་པའི་མཐུ་ལས་ཁོ་བོ་ལ་རྒྱུས་མེད་དུ་གོང་མ་ཆེན་པོའི་གསོལ་རས་འདི་བཞིན་བྱུང་བས་དེའི་ཕུད་ཡིན་ཞེས་ཞུ་བར་མཛད་པས། སྐྱབས་མགོན་དམ་པ་དེས་སྤྱིར་རྣམ་ཐོས་སྲས་འདི་ཉིད་བསྟེན་སྒྲུབ་མཛད་པའི་ལོ་པཎ་སྐྱེས་ཆེན་རྣམས་ལ་མཐོང་ཆོས་ཀྱི་འབྲས་བུ་མངོན་གྱུར་དུ་མ་བྱུང་བ་མེད་ཅིང༌། ལྷག་པར་རང་ལུགས་ཀྱི་བརྒྱུད་པ་འདི་ལ་བཅོ་བརྒྱད་རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་དེས་རྣམ་ཐོས་