R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༡༧
[A:༡༡༧]སྲས་བྲན་བཞིན་དུ་བཀོལ་བར་ནུས་པ་དེ་ཉིད་ཀྱི་གདམས་པ་རྣམས་རྩ་བའི་བླ་མ་རྨོར་ཆེན་རྡོ་རྗེ་འཆང་ཆེན་པོ་དེས་ཡོངས་སུ་རྫོགས་པར་གསན་ཅིང་དོན་རྣམས་ཀྱང་ཐུགས་སུ་ཆུད། དམ་པ་དེའི་ཞབས་དྲུང་ནས་ཁོ་བོས་ཀྱང་དབང་ལུང་མན་ངག་རྣམས་མ་ཚང་བ་མེད་པར་ཐོབ་ཅིང༌། ཕྱག་ལེན་རྣམས་ཀྱང་ཁོང་དུ་ཆུད་པར་བགྱིས་པ་དང༌། གཙོ་བོར་བསྟན་པའི་སྦྱིན་བདག་ཆེན་པོ་ཉིད་ཀྱང་སྔོན་ལས་བཟང་པོས་རྗེས་སུ་འབྲེལ་བའི་མཐུ་ལས་ཡིད་ཆེས་མོས་གུས་ཀྱང་མཆོག་ཏུ་གྱུར་པ་སོགས་རྒྱུ་རྐྱེན་ཚང་བས་བྱིན་རླབས་ཀྱི་ནུས་མཐུ་མི་འབྱུང་བ་ག་ལ་ཡིན། འོན་ཀྱང་ད་ལམ་གྱི་འདི་ཁོ་བོ་ཅག་གི་མཐུ་ལས་བྱུང་བ་རང་ཇི་ལྟར་ལགས་རུང༌། གཞི་ནས་རྟེན་འབྲེལ་གྱི་ལ་ཉེ་ནི་བཟང་པོ་ཡིན་པ་འདུག་ཅེས་ཞུ་བར་མཛད་པས། སྡེ་དགེ་ཆོས་རྒྱལ་དེ་ཉིད་ཐུགས་ཤིན་ཏུ་དགྱེས་པར་གྱུར་ཏོ། །གཞན་ཡང་ཕོ་བྲང་བཀྲ་ཤིས་ལྟེམས་སུ་ས་སྐྱོང་མཆོད་ཡོན་ལྷན་རྒྱས་ལ་རྣམ་ཐོས་སྲས་ལྔ་ཕྲག་གསུམ་གྱི་རྗེས་གནང་ལུང་བཅས་དང༌། དམར་པོ་སྐོར་གསུམ་གྱི་སྐོར་ཡོངས་རྫོགས་ཀྱིས་མཚོན་པའི་ཟབ་ཆོས་བསམ་གྱིས་མི་ཁྱབ་པ་ཞིག་འབུལ་བར་མཛད། ལོ་འདི་ནང་དུ་སྐུ་གེགས་འཚུབས་ལྷོང་ལྟ་བུས་རྗེ་ཉིད་ཀྱི་ཡབ་རྒྱལ་པོ་ཨོ་སྒྲོན་ལགས་ཞེ་དགུའི་དགུང་ཀེག་ཐོག་དབུས་སུ་ཞི་བར་གཤེགས་འདུག་ཅིང༌། དེ་སྐབས་རྩིས་མགོན་རྒྱུན་གཏོར་གནང་བཞིན་པར་ཐུགས་དགོངས་སུ་ཆོས་སྐོར་ཇི་བཞིན་ཐོབ་པའི་ངེས་སྦྱར་མེད་པའི་གཏོར་བསྔོ་འདིའང་དགོས་པ་ཆུང་དགོངས། མཆོད་དཔོན་པར། དོ་ནུབ་ནས་བཟུང་རྩིས་མགོན་གྱི་འབུལ་གཏོར་སོགས་བཟོ་མི་དགོས་ཕེབ་པ་སླར་དུས་གནས་བརྩིས་བས། ཡབ་རྗེ་གཤེགས་