R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༢༠
[A:༡༢༠] རྒྱ་བོད་ཀྱི་གནས་ཆེན་དུ་མའི་ས་སྣ། རྡོ་སྣ། རིན་པོ་ཆེ་དང༌། འབྲུ་སྣ། སྨན་སྣ། དམ་རྫས་ཁྱད་ཅན་དུ་མ་བསྲེས་པའི་འཇིམ་པ་ལ་བྱིན་གྱིས་བརླབས། བཟོ་བོ་རྣམས་ལ་སྦྱོང་ཁྲུས། ལས་ཐམས་ཅད་པའི་ཁྲོ་བོར་བསྐྱེད་བསྟིམ་གྱི་རྒྱུན་བསྙེན་དང༌། ལག་ཆ་བྱིན་གྱིས་བརླབས་པ་སོགས་སྔོན་དུ་འགྲོ་བས་བག་མེད་ཅེས་པ་ཆུ་གླང་ལོའི་ནང་དུ་ཟླ་ཚེས་མཚན་ལྡན་ལ་རུས་ཤིང་འཛུགས་པར་མཛད་དེ། རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་ལྷ་བརྒྱད། དཔལ་མགོན་བྲམ་གཟུགས། བེག་ཙེ་ལྕམ་སྲིང་གསུམ། ནོར་སྐྱོང་དུར་ཁྲོད་གྱི་བདག་པོ་ཡབ་ཡུམ། འཆི་བདག་ལས་ཀྱི་གཤིན་རྗེ། ཕུར་སྲུང་དཀར་བདུད་ལྕམ་དྲལ། རུ་འདྲེན་སྡེ་བཞི་རྣམས་ཀྱི་ལྡེར་སྐུ་ཁྱད་དུ་འཕགས་པར་བསྒྲུབ་པའི་བཀའ་བཀོད་དང༌། སྦྱོང་བ་བགེགས་སྐྲོད་ཀྱང་ཡང་ཡང་མཛད་ཅིང༌། དེ་དག་གི་གནས་སྐབས་སུ་ཕོ་བྲང་གི་ཉེ་སྐོར་དུ་མི་བསད་མང་བས། ཞལ་བཞི་པའི་རྟེན་རྡོའི་མན་ངག་ལས། མི་གསོད་མྱོང་བ། བོང་ཐུང༌། མདོག་ནག་ཅན་དགོས་པའང་འབད་མེད་དུ་འགྲུབ་པ་ནི་བསྟན་སྲུང་ཆེན་པོ་འདི་ཉིད་ཀྱི་ཆོ་འཕྲུལ་དང༌། ནོར་སྐྱོང་ཡབ་ཡུམ་གྱི་སྐུ་བརྙན་བཞེངས་སྐབས་བཟོ་བོ་དབུ་མཛད་ནོར་བུ་ཟེར་བ་འདྲེད་བརྡབས་ལྟ་བུའི་རྐྱེན་ལ་བརྟེན་བརླ་རྐང་ཆག་པ་སོགས་འཚུབས་ལྷོང་གི་རྣམ་པ་ཆེའང་གེགས་མེད་དུ་འགྲུབ་པར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཟུངས་ཀྱི་རིམ་པ་ཞབས་འོག་གི་ལིངྒས་མཐའ་བརྟེན་པ་རྣམས་གོང་མའི་ཡི་གེ་དང༌། བདག་ཆེན་རྡོ་རྗེ་འཆང་ཡབ་སྲས་བརྒྱུད་པ་དང་བཅས་པའི་གསུང་སྒྲོས་ལས་ཇི་ལྟར་བྱུང་བ་བཞིན་ནན་ཏན་མཛད། དེའང་ཚར་ཆེན་རྡོ་རྗེ་འཆང་ཆེན་པོས། དྲུག་ལྡན་རྟེན་གྱི་ཚོགས་རྣམས་ལེགས་གཤམས་ཏེ། །རྣམ་