[A:༡༡༩]དྲིང་མི་འཇོག་པའི་བསྟན་པའི་མངའ་བདག་ཆེན་པོར་ཐུགས་ངེས་འདྲོངས་པའི་ཡིད་ཆེས་བཟློག་ཏུ་མེད་པའི་རྒྱུ་དང༌། སྐུ་གསུང་ཐུགས་གསུམ་ངལ་དུབ་ཁྱད་དུ་བསད་དེ་དབུས་གཙང་ཆུ་ལྟར་ཉུལ་བས་ཡོངས་འཛིན་དུ་མ་བསྟེན་ཅིང༌། ཁྱད་པར་རྡོ་རྗེ་འཆང་རྨོར་ཆེན་ཆོས་ཀྱི་རྒྱལ་པོའི་ཞབས་པད་ཡུན་རིང་དུ་བསྟེན་པར་མཛད་དེ་ཆོས་སྐྱོང་བའི་སྲུང་མ་ཆེ་ཆུང་སོགས་ཟབ་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང༌། བསྙེན་སྒྲུབ་རྣམས་ཀྱང་གང་བྱུང་གིས་ཆོག་པའི་བབས་ཆོལ་དང་བཤད་ཡམ་ཙམ་ལ་ཐུགས་ཡིད་མི་གཏོད་པར། བརྒྱུད་ལྡན་གྱི་མན་ངག་བཞིན་དུ་མཐར་ཕྱིན་པར་མཛད་པས་རྡོ་རྗེ་ནག་པོ་ཆེན་པོའི་ཞལ་མངོན་སུམ་དུ་གཟིགས་ཤིང༌། ཡབ་མེས་ཀྱི་སྐུ་དགྲ་འགའ་ཞིག་ཚར་བཅད་པ་སོགས་རྟགས་མཚན་མངོན་སུམ་དུ་སྟོན་པར་མཛད་པའི་མཐུ་སྟོབས་ཀྱི་དབང་ཕྱུག་ཆེན་པོ་སངས་རྒྱས་རྒྱ་མཚོའི་ཞལ་སྔ་ནས་ཀྱིས་ཉེ་བར་ལེན་པའི་རྐྱེན་མཛད་པར་བརྟེན། དཔལ་ས་སྐྱ་པའི་བསྟན་སྲུང་དབང་པོ་རྣམས་ཀྱི་རྟེན་གསུམ་བརྒྱུད་ལྡན་གོང་མའི་བཞེད་པ་ཇི་བཞིན་བཞེངས་པར་དགོངས་ཏེ། སྐྱབས་མགོན་དམ་པ་འདི་ཉིད་ལ་སྙན་གསན་ཞུ་བར་མཛད་པ་ན་དུས་ལ་བབས་པར་མཁྱེན་ནས་ཞལ་གྱིས་བཞེས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཟུངས་སྔགས་སོགས་རིང་བསྲེལ་རྣམ་བཞི། རྟེན་གྱི་འཁོར་ལོ། ཐུགས་རྟེན་གནམ་ལྕགས་ཀྱི་རྡོ་རྗེ། གསང་རྟེན་གྲི་ལྕགས་ཀྱི་གྭའུ། སེང་ལྡེང་གི་ཕུར་བུ་སོགས་ཉེ་བར་དགོས་པའི་ཡོ་བྱད་རྣམས་ཀྱང་མ་ཚང་བར་མེད་པ་སྟ་གོན་གྱིས་ལྗགས་བསྙེན་ཁ་གསོ་དང༌། བཟོ་བོ་རྣམས་ལ་རྒྱུ་དབང༌། མགོན་པོ་ཆེ་ཆུང་གི་རྗེས་གནང་སོགས་གནང༌། ཕྲིན་བཅོལ་གྱི་བསྐང་བ་ནན་ཏན་མཛད།