R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༢༣
[A:༡༢༣]དུས་དེར་ཆོས་ཆར་ཕབ། །ཆོས་སྲུང་རྟེན་བཙུགས་ཆོས་སྲིད་གཉེར་གཏད་མཛད། །གནས་གསར་འཇམ་མགོན་རྣམ་དཀར་ཕྲིན་ལས་ཡིན། །ཞེས་སོ། །དེ་ནས་རེ་ཞིག་ས་སྐྱོང་ཆོས་ཀྱི་རྒྱལ་པོ་བློན་འབངས་དང་བཅས་པའི་ཐུགས་དགོངས་དེ་ཙམ་གྱིས་རྫོགས་པར་མཛད་ནས། དབུས་ལྗོངས་ཆོས་ཀྱི་ཆོལ་ཁས་མངོན་པར་མཐོ་བའི་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྐྱོད་པའི་སྒོ་དོད། འདི་སྐབས་བཀའ་འགྱུར་རིན་པོ་ཆེའི་མཇུག་སྐྱོང་ཕྲན་ཚེགས་མ་གྲུབ་པར། གསུང་རབ་གྲུབ་ནས་ཞུ་རྒྱུར། བསླུ་ཡོན་ཇ་འཁོར་དྲུག་བརྒྱ་དང་ལྔ་བཅུ། ཡར་ལམ་གྱི་ཁལ་མཛོ་དགུ་སྒ་བཅས། ལག་དོའི་ཟ་མགོ་བཅས་དང༌། གླེགས་ཐག་ཨ་ལུང་ལ་ཚགས་ཀྱི་རྒྱུ་གསེར་སྲང་གང་བཅས་འཇོག་པ་གནང༌། ས་སྐྱོང་མཆོག་ནས་རིན་ཐང་ཅན་གྱི་དངོས་པོ་བརྒྱ་ཕྲག་གསུམ་ལྷག་གི་ཕེབ་རྫོང་འབུལ་སྐྱེས་དང༌། དད་ལྡན་གྱི་གྲྭ་བུ་སློབ་བློན་འབངས་དང་བཅས་པས་ཀྱང་ཕེབ་རྫོང་འབུལ་ནོད་རྒྱས་པར་བསྟར་ཏེ། མཆོད་ཡོན་ལྷན་རྒྱས་ཕོ་བྲང་ཆེན་པོ་ལྷུན་གྲུབ་སྟེང་ནས་ཆིབས་བསྐྱོད་དེ། བཀྲ་ཤིས་ལྟེམས་སུ་ཕྱགས་ཕེབ་ནས་ཀྱང་ཕེབ་རྫོང་དུ་དངོས་པོ་རྣམ་པར་དག་པ་སུམ་བརྒྱ་ལྷག་པ་སོགས་འབུལ་བར་མཛད་ཅིང༌། ས་སྐྱོང་ཆེན་པོ་དེ་ནི་ཡང་སྲིད་མང་པོར་ཡོན་གྱི་གནས་དམ་པ་རྣམས་བསུ་བ་དང་སྐྱེལ་བ་སོགས་ལ་མངོན་པར་གོ་མས་པའི་ཤུགས་ལས། རྒྱལ་ཐབས་ཀྱི་སྙེམས་པ་ཡོངས་སུ་བཏང་སྟེ། རྒྱལ་བློན་འབངས་དང་བཅས་པ་རྣམས་ཀྱིས་སྲི་ཞུ་ཆེན་པོས་འབྲི་ཆུའི་བར་སྐྱེལ་ཐུང་མཛད། ས་སྐྱོང་མཆོག་ནས་སླར་ཡང་ཡུན་ཧ་ཅང་མི་རིང་བ་ཉིད་དུ་ལྗོངས་འདིའི་སྐྱེ་རྒུ་རྣམས་ཀྱི་བསོད་ནམས་ཀྱི་མགྲོན་དུ་འབྱོན་པར་མཛོད་ཅིག་ཅེས་ཞུ་བར་