R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༢༤
[A:༡༢༤]མཛད་པས། ཡུལ་དུས་ཀྱི་སྐལ་བར་མ་གྱུར་ན་དེ་བཞིན་དུ་བྱའོ་ཞེས་ཞལ་གྱིས་འཆེས་ནས་བསྲུང་བ་དང་ཤིས་པ་བརྗོད་པར་མཛད་དེ། གྲུབ་དབང་མཚུངས་མེད་དམ་པ་སངས་རྒྱས་རྒྱ་མཚོ་དང༌། ཞབས་འབྲིང་དུ་མངགས་པའི་ཚོང་དཔོན་སྦེ་ཚོགས་དང༌། སྦེ་གོ་གཉིས་དང་བཅས་པ་རྣམས་ཀྱིས་ཆུ་བོ་ཆེན་པོ་རྦ་རླབས་ཀྱི་ལྟེང་ཀ་གཡོ་བ་མིག་གིས་ཀྱང་བལྟ་བར་མི་བཟོད་པ་དེ་ལས་ཕ་རོལ་ཏུ་གཤེགས་པའི་ཞབས་འགྱུར་ཡང་དག་པའི་སྐད་ཅིག་ལ་གདན་འདྲེན་ཞུས་ཏེ། བྱང་ལམ་ནས་རིམ་བཞིན་འཕེན་ཡུལ་ནཱ་ལེནྡྲར་ཕེབ། བཅོ་བརྒྱད་ནས་ཆོས་རྗེ་རིན་པོ་ཆེས་ཕེབ་བསུ་སྣེ་ལེན་ཡང་དག་དང༌། ཕར་ཡང་ཕེབ་སྐྱེས་འབུལ་ནོད་རྒྱས་པར་མཛད། རིམ་བཞིན་གངས་ཅན་འཛིན་མའི་ལྟེ་བ་ལྷ་ལྡན་འཕྲུལ་སྣང་གི་འདབས་སུ་ཕྱགས་ཕེབ་སྟེ་གཟིམས་ཁང་ལྷུན་གྲུབ་དཔལ་ཁང་ཞེས་བྱ་བར་གཏན་ཆགས། ཇོ་ཤཱཀ་རྣམ་པ་གཉིས་སོགས་ངོ་མཚར་རྟེན་མཆོག་རྣམས་ལ་མཆོད་འབུལ་དང༌། དཔལ་མིའི་དབང་པོ་ཡབ་སྲས་རྣམས་ལ་འབུལ་ནོད་གྱ་ནོམ་པ་དང་བཅས་ཏེ་མཇལ་ཕྱག་མཛད། ཐུགས་དགེས་པའི་གསུང་གིས་གཟེངས་བསྟོད་དང༌། ཟང་ཟིང་གི་གནང་སྐྱེས་ཀྱང་སྩལ། རྒོད་དཀར་ལ་བརྒྱུད་དེ་བསམ་ཡས་སུ་ཕེབ། ཆོས་སྐྱོང་ཆེན་པོར་ལྷ་ཚེས་སྔོན་མའི་སྐབས་མཇལ་འཕྲད་མཛད་རྒྱུའི་སྙན་གསན་དགེ་སློང་བཀྲ་ཤིས་རབ་བརྟན་ནས་ཞུས་པས་བླང་དོར་སྔོན་མའི་དོན་ལྟར་སྟག་ལོར་དགེ་བཤེས་དང་ངོས་འཕྲད་སྐྱོང་ཞེས་གསུངས་པས་ཤར་རྒྱག་ཡར་ཀླུང་དུ་ཕེབ། འདུས་པའི་ཚོགས་ལ་མང་འགྱེད་གྱ་ནོམ་པ་དང༌། སྔར་ཕྱག་མཛོད་ལྷུན་གྲུབ་ཀུན་དགའི་གདོང་དུ་རྒྱུན་ཇའི་ཐེབས་སུ་སྦྱོར་འཇགས་གནང་རྒྱུ་དངུལ་སྲང་བརྒྱའི་སྟེང་དུ་