[A:༡༢༢]བདག་ཆེན་པོ་དཔོན་བློན་གྱི་དགོངས་བཞེད་ལྟར་བུམ་གཏེར་མང་དུ་བསྒྲུབས་པར་མཛད་དེ། རྫོང་སྒོ་ཁག་ལ་འགྱེད་པར་མཛད་པས་ལོ་ཏོག་ཕུན་སུམ་ཚོགས་པར་བྱུང་བས། དཔོན་འབངས་ཀུན་དགའ་མགུ་ཡི་རང་གི་ས་ལ་འགོད་པར་མཛད། དེ་དག་གི་སྔ་ཕྱིར་ཆོས་རྗེ་བཀྲ་ཤིས་བཟང་པོའི་དྲུང་ནས། ཀྱེ་རྡོར་བཀའ་བབས་བཞིའི་དབང༌། བདེ་མཆོག་ནག་པོ་པ། མཁའ་འགྲོ་རྒྱ་མཚོའི་དབང་ལུང་དང༌། ཀུན་རིག་གི་དབང་ཞིག་ཀྱང་གསན་པ། བཀའ་ལས། དེ་སྐབས་གནས་ཉེར་གཉིས་སོ་སོའི་མིང་རེ་སྨོས་པ་དང་སྔགས་རྒྱ་རེས་གཏུགས་པ་སྤེལ་མར་མཛད་པ་སོགས་ཤིན་ཏུ་ཡིད་ཆེས་པ་བྱུང་གསུང་ཞིང༌། རྗེ་དེ་ཉིད་ནི་མཁན་ཐོག་ཏུ་ཕེབ་མིན་གྱི་ཁྱད་པར་ལས་ངོར་གྱི་མཁན་ཆེན་ཞིག་དང་མཉམ་ཞེས་ཐུགས་དད་ཤིན་ཏུ་ཆེ་བར་གནང༌། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་ལས་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས། ཚེ་དཔག་མེད་ལྷ་དགུ། བདག་མེད་ལྷ་མོ་བཅོ་ལྔ། འཇིགས་བྱེད་རོ་ལངས་བརྒྱད་སྐོར་བཅས་ཀྱི་དབང་རྣམས་གསན། ཕོ་བྲང་ལྷུན་གྲུབ་སྟེང་དུུ་ས་སྐྱོང་དཔོན་བློན་དང་བླ་མ་ཁག་རྣམས་གཙོ་བོར་གྱུར་པའི་སྐལ་ལྡན་གྱི་གདུལ་བྱ་ཆེས་མང་བ་ལ། གྲུབ་པའི་དབང་ཕྱུག་ཆེན་པོ་ཨ་བྷཱ་ཡ་ཀ་རའི་བཞེད་གཞུང་རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་ཞེ་གཉིས། དརྤན་ཨ་ཙཱརྻའི་བཞེད་སྲོལ་ཀྲྀ་ཡའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་སྟེ་ཞེ་ལྔའི་དབང་རྣམས་ཀྱང་རྨོར་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱིས་རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་དྲུང་ནས་ཕྲེང་བའི་དབང་ཚར་བཅུ་གསན་པའི་ཕྱག་བཞེས་ལྟར་རྒྱས་པར་འབུལ་བར་མཛད་དོ། །དེ་དག་གི་དོན་བསྡུ་ན། ས་བསྟན་བདག་པོ་ས་དབང་སྡེ་དགེས་མཆོད། །དུས་འཁོར་ལ་སོགས་