[A:༡༢༥]སྲང་ཉིས་བརྒྱ་དང་དྲུག་ཅུ་གནང་བར་ཚོང་རྒྱག་རྩིས་ཀྱི། བང་རིན་དངུལ་སྲང་སུམ་ཅུ། སྒ་ཆ་འགྲིགས་བཅུ་ཕྲག་སོགས་ཚོང་ཆས་དང་བཅས་པ་སྦྱོར་འཇགས་གནང༌། རྡོ་རྗེའི་ཆོས་སྲུང་རྣམས་ལ་གཏང་རག་གི་མཆོད་གཏོར་དང༌། ཞབས་དྲུང་ཡབ་གཤེགས་པའི་གནས་ཚུལ་ཁམས་སུ་བཞུགས་སྐབས་མ་གསན་པས། དེ་སྐབས་ཡབ་ཀྱི་དགོངས་རྫོགས་སུ་དམིགས་ཡར་འཕྱོང་གཉིས་ཀྱི་དགོན་པ་ཆེ་ཕྲ་མཐའ་དག་དང༌། སྤུས་རི་སྐོར་གྱི་ཆུ་ལྷོ་བྱང་གི་ས་དགོན་ཕལ་ཆེར་ལ་མང་ཇ། སྦྱོར་སྦྲེལ་བསྔོ་རྟེན། གལ་ཆེ་བ་རྣམས་ལ་སྤྱི་འགྱེད་བཅས་དང༌། གནས་ཆེན་རྣམས་ལ་མཆོད་འབུལ་མཛད། ཀུན་དགའ་ཞེས་པ་ཤིང་སྟག་ལོ་གསར་ཚེས་ཀྱི་དུས་སྟོན་ཀྱང་རྒྱས་པར་གནང༌། གྲུབ་དབང་དམ་པ་སངས་རྒྱས་རྒྱ་མཚོའི་ཞལ་སྔ་ནས་དང༌། བླ་མ་ཀུན་དགའ་རྒྱ་མཚོ་སོགས་བཀའ་འགྱུར་གྱི་ལུང་ཁོ་ན་དོན་གཉེར་གྱིས་བྱོན་པ་རྣམས་ལ་གཟིམས་ཆུང་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་ཡོངས་སུ་རྫོགས་པར་མཛད། ཆུ་སྟོད་ཟླ་ནང་ཡར་འབྲོག་བརྒྱུད་གཙང་དུ་ཆིབས་བསྐྱོད། གྲོ་བཞིན་བཅུ་བཞིའི་ཉིན་འདར་གྲོང་ཆེན་དང་ཁད་ཉེ་ཆུ་གླིང་ན་ཁར་བཞུགས་ཞག་ཐོག་ནས་ཇོ་ཚེད་ཇ་སྔོན་འགྲོས་ལ་གནང་སྟེ། སང་ཉིན་གྲོ་བཞིན་བཅོ་ལྔར་ཚར་ཆེན་བླ་མའི་སྐུ་མཆོད་ཐོག་གདན་སར་འོང་རྒྱུའི་གྲ་བསྒྲིགས་དགོས་ཚུལ་ཕེབ་པ་ལྟར། བྲག་རྩ་རྡོ་རྗེ་འཆང་དེ་ཉིད་སོགས་འདུས་ཚོགས་ཚང་མས་དང་ལེན་ཞུས་ཏེ། གྲྭ་ཚང་གིས་སེར་སྦྲེང༌། ཆིབས་བསུ། འདར་ཁུལ་སྦྱིན་བདག་རྣམས་ཀྱིས་ཀྱང་ཆིབས་བསུ་དང་བཅས་བཅོ་ལྔའི་སྔ་དྲོ་གངས་རིའི་ཁྲོད་ཀྱི་སྐད་གཉིས་སྨྲ་བ་ཡོངས་ཀྱི་གཙུག་རྒྱན་བླ་ཆེན་འབྲོག་མི་ལོ་ཙཱ་བ་ལ་སོགས་