[A:༡༢༦]པས་བྱིན་གྱིས་བརླབས་ཤིང༌། མཁས་པའི་དབང་པོ་གཡག་སྟོན་སངས་རྒྱས་དཔལ་བ་ལ་སོགས་པ་མཁས་གྲུབ་དམ་པ་དུ་མའི་བསྟི་གནས་སུ་མཛད་པའི་ཆོས་གྲྭ་ཆེན་པོ་འདར་སྨད་གནས་ནང་ལས་མཆེད་པ་འདར་སྟོད་ཆོས་འཁོར་ཡང་རྩེར། མ་བྱོན་རྣམ་འདྲེན་གསུམ་པ་རྒྱལ་བ་རབ་གསལ་དེ་ཉིད་གངས་ཅན་གྱི་ལྗོངས་འདིར་བསམ་བཞིན་དུ་སྐྱེ་བའི་ཆོ་འཕྲུལ་སྟོན་པར་མཛད་པ། ངེས་དོན་བསྟན་པའི་མངའ་བདག་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་བཞུགས་གདན་སེང་ཁྲི་ལ་ཞབས་ཟུང་གསེར་གྱི་འཁོར་ལོ་བཀོད་དེ། ལེགས་བྱས་ཀྱི་སྔོན་འགྲོར་དགེ་ཚོགས་རྣམ་མཁྱེན་དུ་བསྔོ་བའི་ཚུལ་གྱིས་གསུང་བཤད་རྒྱས་ཤིང་མཐའ་ཆོད་པར་སྩལ། གཞུང་ས་མཆོག་དང་འདི་ཁ་ནས་ཀྱང་བསྐོ་འཇའ། ཁྲི་འགྱེད་སོགས་དང༌། གཞན་ཡང་འདུས་སྡེ་སྤྱི་སྒོས་རྣམས་དང༌། བསྟན་པའི་སྦྱིན་བདག་ཆེན་པོ་འདར་ནས་སོགས་སེར་སྐྱ་མཆོག་དམན་རྣམས་ནས་རང་རང་གི་འབྱོར་ཚོགས་ཇི་སྙེད་ཡོད་པ་རྣམས་ལེགས་སྐྱེས་སུ་བསྟར་ཞིང༌། བླ་བྲང་ནས་མང་ཇའི་ཐོག་གྲྭ་པ་ལྔ་རེར་ཇ་བག་རེ། དགོན་ལག་སྒྲུབ་སྡེ་གཉིས་ལའང་མང་ཇའི་ཐོག་བཙུན་མ་བཅུ་རེར་ཇ་བག་རེ། གྲོང་ཆེན་འདུ་ཁང་དུ་བླ་རེ་ཆེ་ལེགས། རྒྱ་སྦུབ་བཀྲ་ཤིས་འབྲུག་སྒྲ་རྣམས་སྩལ་ཞིང༌། ཐོག་མར་ཚར་ཆེན་རིན་པོ་ཆེའི་རྡོ་ཁྲིའི་སྟེང་ནས་མདོ་སྡེ་བསྐལ་བཟང་གི་ལྗགས་ལུང་དང༌། ཚེ་སྦྱིན་ཡིད་བཞིན་འཁོར་ལོ། མགོན་དཀར་ཕྱག་དྲུག་པ། རྣམ་སྲས་རྟ་བདག་བརྒྱད། དུར་ཁྲོད་བདག་པོ་རྣམས་ཀྱི་རྗེས་གནང་སྩལ། སང་ཉིན་བཞུགས་ཁྲིར་ཕེབ་རྒྱུའི་ནུབ་མནལ་ལྟས་སུ་དུང་གི་སེང་གེ་ཤིན་ཏུ་དཀར་བ་ཞིག་གི་ཁ་ནས་སྐྱུགས་པ་འདྲ་བའི་