R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༢༨
[A:༡༢༨]བསྙེན་བཀུར་འབུལ་ནོད་ཡང་དག་མཛད་ཐོག །ཁོང་ཚོར་ཚེ་དབང་སོགས་འདོད་ཆོས་ཁ་ཡར་སྩལ། སླར་ཡང་འདར་སྟོད་ཆོས་འཁོར་ཡང་རྩེ་ཉིད་དུ་གཏན་ཆགས་ཤིང༌། བྲག་རྩ་རྡོ་རྗེ་འཆང་སོགས་ལ། གཙུག་ཏོར་རྣམ་རྒྱལ། ཚེ་དཔག་མེད་དཀར་པོ། སྒྲོལ་དཀར་འོད་ཟེར་དྲུག་སྦྲགས། ཞལ་སྒྲུབ་དུས་ཐུན་མོང་བ་རྣམས་དང༌། རྒྱལ་ཕུར་འཛོམ་ཉིན་ཚོགས་བདག་ཐུན་མོང་མ་ཡིན་པའི་རྗེས་གནང༌། མཁྱེན་བརྩེས་མཛད་པའི་སྒྲོལ་དཀར་སྒྲུབ་ཐབས། རྗེས་གནང༌། སྦྱིན་སྲེག །གོང་ས་ལྔ་པ་ཆེན་པོའི་སྒྲོལ་དཀར་ལ་བརྟེན་པའི་བརྟན་བཞུགས་ཀྱི་ལུང་སོགས་ཟབ་ཆོས་མང་དུ་གསུངས། ཟླ་བ་དགུ་པའི་ནང་དུ་འདར་ནས་ཆིབས་བསྐྱོད་ཅིང་ར་ས་བརྒྱུད་དེ་ངོར་གྱི་གནས་གཟིགས་དང༌། མཆོད་འབུལ། མང་ཇ་སོགས་མཛད་ཅིང་སྤོ་འབོར་སྒོང་ཞེས་པར་བཞུགས། དེ་སྐབས་ཨེ་ཝཾ་གྱི་གདན་ས་འཇམ་མགོན་དཔལ་ལྡན་ཆོས་སྐྱོང་ཡིན་ཞིང༌། ཤངས་ལེན་བཀུར་བཟོས་ཡང་དག་པར་མཛད། ཁྱད་པར་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ་དབུས་སུ་གཡར་པོ་འབུལ་བ་གནང་བར། ཐུགས་ཤིན་ཏུ་དགྱེས་པས་དེའི་གནས་ཚུལ་རྗེས་སོར་ཡང་ཡང་ཡང་གསུངས། ཐར་རྩེ་རྡོ་རྗེ་འཆང་ཆེན་པོ་དང་ཡང་ཞལ་རྒྱས་པས་ཕུ་དུད་དང༌། བཀུར་སྟི་ཕན་ཚུན་འགྲན་པ་ལྟར་མཛད་དེ། མདོ་རྒྱུད་བསྟན་བཅོས་ལས་བརྩམས་པའི་གསུང་གསང་ལེགས་བཤད་ཐར་པའི་སྙིང་པོ་ཅན་ཡང་ཅི་དགར་འཇོ་ཞིང༌། ཁྱད་པར་རྗེ་ཉིད་ནས་གྲུབ་དབང་དེ་ཉིད་ལ་ལམ་དུས་སྐབས་ཀྱི་དཀའ་གནད་ཅིག་ལ་བཀའ་འདྲི་ཞུས་གནང་ལ། དེ་སྐབས་ཐུགས་ཚོམ་མེར་ལུས་པ་འདྲ་ཞིག་ལ། སང་ཉིན་དེའི་ལན་རྒྱས་