R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༢༧
[A:༡༢༧]དེའི་ཐོ་ཕྱི་ཀུན་ཏུ་ཁྲག་མང་པོ་འཐོར་པས་ཆག་ཆག་བཏབ་པ་ལྟར་འདུག་ཅེས་གསུངས་པ་ནི་གསུང་རབ་དགོངས་འགྲེལ་སྙན་བརྒྱུད་དང་བཅས་པ་སྨྲ་བའི་སེང་གེ་ཆེན་པོ་འདི་ཉིད་ཀྱིས་གནས་འདིར་ཟབ་ཆོས་ཐང་མར་བརྡལ་བའི་མཚན་ལྟས་ཡང་དག་པར་གོར་མ་ཆག་སྙམ་ཞིང༌། བླ་ཆེན་འབྲོག་མིའི་མནལ་ལམ་བཀའ་རྒྱ་མ་དང་ཕྱོགས་མཚུངས་ཙམ་དུའང་གོ་ནུས་སོ། །ཟླ་བ་དེའི་མཇུག་ཏུ་གྲོང་ཆེན་དུས་རིམ་པ་དཔོན་སློབ་དང་ཆབ་ཅིག་འདི་ཁར་ཆིབས་ཁ་བསྒྱུར་ཏེ་ཡབ་རྗེ་མཚུངས་མེད་དམ་པ་ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞལ་དཀྱིལ་ལ་ལོངས་སུ་སྤྱོད་པའི་ལེགས་སྐྱེས་སུ་གསེར་སྲང་གསུམ་དང༌། རྟ་དྲེལ་སོགས་ཀྱི་དངོས་པོ་སྤོམ་སྟོད་པ་དང༌། ཁྱད་དུ་འཕགས་པའི་རྟེན་མཆོག་རྣམ་བཞི། སྐྱེད་ལྷས། བྱས་འགྱུར་སོགས་ལ་མཆོད་འབུལ་སྨོན་ལམ་དང༌། ཆོས་དུང་རིན་པོ་ཆེ་གསུང་བསྐུལ་སོགས་མཛད། ཚེ་དབང་འཆི་མེད་དཔལ་སྟེར། འབྱུང་པོ་འདུལ་བྱེད་དང༌། མཁའ་འགྲོ་ལྷ་བརྒྱད་ཀྱི་རྗེས་གནང༌། འཇམ་མགོན་བླ་མའི་ཟབ་མོ་སྐུའི་དཀྱིལ་འཁོར་དུ་ལམ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པའི་རྒྱུན་ཡང་དག་པར་བཞེས། ཀོམ་འདྲེ་བརྒྱུད་དེ་མང་མཁར་ཐུབ་བསྟན་དགེ་འཕེལ་གྱི་གནས་རྟེན་རྣམས་ལ་མཆོད་འབུལ་དང༌། འདུས་པའི་ཚོགས་ལ་མང་འགྱེད་སོགས་ཕུན་སུམ་ཚོགས་པར་མཛད། མར་ལམ་རྨུ་མགོན་ཁང་དུ་མཆོད་གསོལ་ཕྲིན་བཅོལ་མཛད་ཅིང༌། ཆོས་སྐྱོང་གི་སྐུ་མདུན་དུ་གསོལ་དཔོན་ལྷུན་གྲུབ་རབ་བརྟན་སྣ་ཁྲག་མང་དུ་གཟེགས་ཏེ་ཡུན་རིང་ཕྲོ་འཚལ་བ་དམ་ཚིག་གི་ཉེས་པར་སེམས། འདར་བསམ་འགྲུབ་ཏུ་གདན་འདྲེན་དང་