[A:༡༢༩]པར་ཞུ་སམ་དུ་གནང་བའི་བསྟན་བཅོས་ཁྱད་པར་ཅན་ཡང་ཡོད། འདི་ལ་རྗེས་སོར་བཀའ་ལས། ཁོ་བོས་དྲི་བ་དེ་མིན་ཞིག་ལ་ཞུས་པ་དེ་ནི་ཁོ་བོ་རང་ལྟ་མཚེམས་པ་ལས་བདག་ཆེན་རྡོ་རྗེ་འཆང་གི་ཡི་གེར་ཤིན་ཏུ་གསལ་བར་འདུག །རྗེ་དེ་ཉིད་ཀྱི་དྲིས་ལན་དེའང་ལེགས་བཤད་སྔོན་མེད་ངོ་མཚར་ཅན་ཞིག་བྱུང་འདུག་གསུངས། ཞྭ་ལུ་སོགས་སུ་རེ་བ་བཞེད་ཀྱང་ཆོས་སྡེ་དང་རི་བོ་ཆོས་གླིང་གཉིས་རྩོད་གཞི་ཕྲན་བུ་བྱུང་བར་གདན་འདྲེན་གྱི་བང་ཕྱིན་འབྱོར་བ་གནས་གསར་དུ་འཁྱུག་ཙམ་ལས། གཞན་མ་ཤར་རྒྱག་ཡར་ཀླུང་དུ་ཕེབ། ཐུགས་ཀྱི་དགོངས་གཞིར་འཇམ་མགོན་བློ་གསལ་མཆོག་ལྡན་སོགས་གོང་མ་འགའ་ཞིག་སྐུ་ཚེ་མཐར་མ་ཕྱིན་པ་དང༌། ལྷག་པར་སྒྲུབ་པ་ཁོ་ན་ལ་ཐུགས་གཞོལ་བའི་ད་ཆ་སྡེ་དགོན་གྱི་འཛིན་སྐྱོང་ཡང་ཆོས་ཀྱི་གེགས་རྐྱེན་ལྟ་བུར་མ་ཟད། ཆོས་སྡེ་རང་ལའང་ཕུགས་དགེ་སླེབས་ཆེ་ཁྱད་མཛོད་པར་བཀའ་བགྲོས་མཛད་ནས། དཔོན་གཡོག་གཉིས་ནས་ཐུགས་ཐག་བཅད་དེ་མཁན་ས་སློབ་དཔོན་དུ་ཕབ། བླ་གཞིས་གྲྭ་ཚང་དུ་སྦྱར་ཆོག་པ་སོགས་ཀྱིས་མི་དབང་ཆེན་པོར་སྙན་སྦྲོན་མཛད་པར། གཞན་མཐོ་དམན་ཕལ་ཆེར་ས་ཆ་ཕར་ཞུ་བའི་སྐབས་སུ་བླ་གཞིས་གྲྭ་ཚང་དུ་སྦྱར་ཆོག་པ་ཞུ་བར་མཛད་པ་ལ་མི་དབང་ཆེན་པོའང་རྗེས་སུ་ཡི་རང་སྟེ། གཞན་མ་དགོངས་བཞེད་ལྟར་ལོས་འོང་སྟེ། བཀྲ་ཤིས་ཆོས་སྡེ་པ་རང་གི་བྱ་བ་རླབས་ཆེན་ཡིན་འདུག་གཞིས་ཁོ་བོས་ཀྱང་བློས་དཔྱད་མི་ནུས་པས། ཇོ་ཤཱག་སྐུ་མདུན་དུ་བརྟག་སྒྲིལ་བྱས་པའི་དོན་བཞིན་འོང་ཚུལ་གསུངས་པ། བརྟགས་པར་ཡང་བབས་པ་བཅས། འདི་ལོ་སྟོན་སྟེང་ནས་བཟུང༌། བླ་གཞིས་གསར་རྙིང་གི་ས་རིས་བདག་