[A:༡༣༠]ཐོབ་ཤས་བགོས། མོ་བྲན་སོགས་ཚང་མ་གྲྭ་ཚང་དུ་འབུལ་སྦྱོར་གནང་བའི་ལོ་བསྟར་ཆོ་འཕྲུལ་ཟླ་བར་བཀའ་འགྱུར་གསུང་སྒྲོགས་ཉིན་གསུམ་རེ་དང༌། ཆོག་མང་ཉིན་བཞི་རེ་འཕར་བ་དང༌། ཆོས་འཆད་སློབ་དཔོན་གཉིས་ལ་སྐལ་འཕར་རེ་དང༌། ལོ་བསྟར་ཕོག་འཕར་ཁལ་བཅུ་རེ་བཅས་འོང་བའི་བཀའ་ཁྱབ་གནང༌། སྡེ་དགེའི་གཉེར་ཆེན་བསྟན་པ་བཟང་པོ་དང༌། དྲུང་ཡིག་ཚེ་རིང་འཕེལ་གཉིས་དབུས་གཙང་དུ་དགེ་རྩ་གཏོས་ཆེན་བསྒྲུབ་བར་འབྱོར་ཞིང༌། དེ་སྐབས་སྡེ་དགེ་ཆོས་ཀྱི་རྒྱལ་པོ་བསྟན་པ་ཚེ་རིང་དེ་ཉིད་ནས་འདིར་མཆོད་རྟེན་འགའ་ཞིག་བཞེངས་འདོད་ལ་དྲི་མེད་རྣམ་གཉིས་ཀྱི་དབང་ལུང་དང་ཕྱག་ལེན་རྣམས་དགོས་པར་སྔོན་ཞུས་བཞིན་སྐྱབས་མགོན་དམ་པ་ཉིད་མདོ་ཁམས་སུ་ཅིས་ཀྱང་ཕེབ་དགོས་ཚུལ་བཀའ་ཤོག་གསུང་ངག་དང་བཅས་པ་ནན་ཏན་གནང་བ་འབྱོར། ཚོང་དཔོན་འབུམ་སྐྱབས་གདོང་སྔོན་ནས་བསླུ་ཡོན་སོགས་ཕུལ་ཚར་བའི་སྤར་ཕུད་གྲས་ཀྱི་བཀའ་འགྱུར་རིན་པོ་ཆེ་དངོས་གཙང་བ་འབྱོར་བར་མཛོད་པ་ངོ་མས་ལྷ་ལྡན་ནས་གདན་འདྲེན་མཛད། བཟང་གོས་ཀྱི་གདོང་དར། གླེགས་ཤིང༌། གླེགས་ཐག །ཀུན་དགའ་ར་བ་སོགས་གསར་བཟོ་རབ་གནས་དང་བཅས་པར་མཛད་དེ། ཚར་གཅིག་གསུང་སྒྲོགས་དང་བཅས་བཀྲ་ཤིས་ཆོས་སྡེར་སྦྱོར་འཇགས་མཛད། སྟོན་མཇུག་ལྷ་ལྡན་དུ་ཆིབས་བསྐྱོད། ར་བ་མཐིལ་དུ་གཏན་ཆགས། རྨོར་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་ཐུགས་སྲས་དམ་པ་མདོ་སྔགས་རབ་འབྱམས་སྨྲ་བ་འཕགས་སྡེ་མཁན་ཆེན་ངག་དབང་བློ་གསལ་བསྟན་འཛིན་གྱི་དྲུང་ནས། ཚད་མས་ཀུན་ལས་བཏུས་པ། རྣམ་འགྲེལ། རྣམ་ངེས། རིག་ཐིག །གཏན་ཚིགས་ཐིགས་པ། འགྲེལ་རྟག །རྒྱུད་