[A:༡༢]གསུམ་གྱི་རྣམ་བཞག་ལ་གཞན་དྲིང་མི་འཇོག་པའི་རྣམ་འབྱེད་བློ་གྲོས་ཀྱི་ལུས་སྟོབས་རྒྱས་ཤིང༌། ལུང་དང་རིགས་པའི་མཆེ་སྡེར་རྣོན་པོས་ལྟ་ངན་གྱི་རི་དྭགས་མཐའ་དག་སྐྲག་པར་མཛད་ལ། ཟབ་གསང་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལས་འཁྲུངས་པའི་ཉམས་རྟོགས་ཀྱི་རལ་པས་མངོན་པར་བརྗིད་ཅིང༌། དབང་རྒྱུད་མན་ངག་གི་གད་རྒྱང་ཕྱོགས་བརྒྱར་སྒྲོགས་པའི་དུས་ཞབས་པ་སྨྲ་བའི་སེང་གེ་ཆེན་པོ། །རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་བཀླག་ལུང་རྣམ་པར་དག་པའི་ནོར་བུ་རིན་པོ་ཆེ་རྣམ་དཔྱོད་བརྩོན་པའི་གྲུ་ཆེན་གྱིས་ལེགས་པར་དྲངས་ཏེ་ཐར་འདོད་རྒྱལ་མཚན་གྱི་རྩེ་མོར་བཀོད་པའི་གྲུབ་གཉིས་འདོད་རྒུའི་དཔལ་ཡོན་སྩོལ་བར་མཛད་པས་བསྟན་པའི་གསལ་བྱེད་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ། །ཕྱི་གསོ་དཔྱད་ཀྱི་གཞུང་ལུགས་ལ་མཁས་པས་མི་འཇིགས་པ་སྲོག་གི་སྦྱིན་པ་གཏན་པ་མེད་པར་སྩོལ་ཞིང༌། ནང་རིག་པ་ཡེ་ཤེས་ལྔའི་རྩི་སྨན་གྱི་སྦྱོར་བས་དུག་ལྔ་ཕུང་པོ་དང་བཅས་པ་ཅིག་ཅར་དུ་གསོ་བར་མཛད་པས་སྨན་བླ་རིགས་ལྔའི་ངོ་བོར་སྟོན་པར་མཛད་པའི་གདམས་ངག་གི་ངེས་པས་སྐལ་ལྡན་གདུལ་བྱའི་ཚོགས་རྣམས་སྐྱོང་བའི་འཚོ་མཛད་སྨན་པའི་བླ་མ། སྒྲ་དང༌། སྙན་ངག་དང༌། མངོན་བརྗོད་དང༌། སྡེབ་སྦྱོར་དང༌། རྩིས་དཀར་ནག་དང༌། བཟོའི་རིག་བྱེད་ལ་སོགས་པ་ཤེས་བྱ་རིག་པའི་གནས་མཐའ་དག་གི་ཚིག་དོན་འཁྲུལ་པ་མེད་པར་ཐུགས་སུ་ཆུད་པས་རྩོད་དུས་གནས་ལྔ་མཁྱེན་པའི་པཎྜི་ཏ་ཆེན་པོ། །ངེས་པའི་དོན་དུ་རབ་འབྱམས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་མ་ལུས་པ་སྤྲོ་ཞིང་བསྡུ་བའི་བྱེད་པོ་ཁྱབ་བདག་རྡོ་རྗེ་འཆང་དབང་ཉིད་ངུར་སྨྲིག་གི་བརྟུལ་ཞུགས་འཛིན་པ། མཚན་བརྗོད་