[A:༡༡]རྩ་བ། ཆོས་སྲུང་ནོར་ལྷ་ཐམས་ཅད་ཀྱི་མངའ་བདག །མཁྱེན་བརྩེ་ནུས་པའི་གཏེར་ཆེན། ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། །ཆོས་ཀྱི་དབང་ཕྱུག །ཆོས་དམ་པའི་འབྱོར་པ་ཟད་མི་ཤེས་པ་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་ཤིང་འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དམ་པར་གྱུར་པ། སྐུ་ཕྲེང་ཐམས་ཅད་དུ་མཁས་ཤིང་གྲུབ་པའི་ངང་ཚུལ་བཞེས་པ་ཤ་སྟག་ཏུ་བྱོན་པས་སྐྱེས་པ་རབས་ཀྱིས་ཆེ་ཞིང༌། གངས་ཅན་ཆོས་ཀྱི་རྒྱལ་པོའི་དབོན་རིགས་སུ་འཁྲུངས་པས་ཆེ་བཙུན་གདུང་གིས་མཐོལ། གཞོན་ནུ་ཉིད་ནས་འཁོར་བའི་ཕུན་ཚོགས་མཐའ་དག་བཞི་མདོའི་རྩྭ་བཞིན་བོར་ནས་འོ་སྐོལ་གྱི་རྣམ་འདྲེན་ཉི་མའི་གཉེན་གྱི་རྗེས་སུ་ཕེབ་སྟེ་ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་སྡོམ་པ་བླ་ན་མེད་པས་ཐུགས་རྒྱུད་ཀྱི་བུམ་བཟང་ཡོངས་སུ་གཏམས་ཤིང༌། ཉིས་བརྒྱ་ལྔ་བཅུ་ཆར་གཏོགས་དང་བཅས་པའི་ཉེས་ལྟུང་གི་འདམ་ལས་ཡོངས་སུ་གྲོལ་བའི་སྡོམ་བརྩོན་སྦྲང་རྩིའི་རྒྱལ་མཚན་འཛིན་པ་ཀུན་གྱི་གཙོ་བོ། །བླ་ན་མེད་པའི་ཐུགས་བསྐྱེད་བཟང་པོའི་ཆ་ཤས་ཡོངས་སུ་རྫོགས་ཤིང༌། གཞན་ཕན་ཐུགས་བསྐྱེད་ཀྱི་འོད་དཀར་ཕྱོགས་བརྒྱར་འཕྲོ་བས་མཁའ་མཉམ་འགྲོ་བའི་བདེ་སྐྱིད་ཀྱི་ཀུནྡ་ཅིའང་རྒྱས་པར་མཛད་པས་བྱང་སེམས་རྒྱལ་བའི་མྱུ་གུ་ཀུན་གྱི་གཙུག་རྒྱན། བརྒྱུད་ལྡན་དམ་པའི་མན་ངག་གི་ཉི་འོད་ལན་བརྒྱར་གསལ་བས་སྙན་བརྒྱུད་ཟབ་མོའི་དྲི་བསུང་མངར་པོས་སྐལ་བཟང་རཿཡིག་གཉིས་པའི་ཚོགས་རྣམས་ཉམས་རྟོགས་ཀྱི་སྦྲང་རྩིས་མྱོས་ཏེ་འཁོར་བ་མཐའ་ཅན་དུ་མཛད་པས་གྲུབ་པའི་དབང་ཕྱུག་ཀུན་གྱི་བླ་ན་ཞབས་སོར་བཀྲ་ཤིས་ཀྱི་འཁོར་ལོ་ངལ་བསོ་བའི་ཁྱབ་བདག་རྡོ་རྗེ་འཛིན་པ་ཆེན་པོ། །ཕྱི་ནང་གཞན་