[A:༡༣]པར་དཀའ་ཡང༌། དོན་གྱི་སླད་དུ་མཚན་ནས་སྨོས་ན། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་སྙན་པའི་དྲི་བཞོན་ཁོར་ཡུག་རི་བོའི་ཁོངས་སུའང་རྒྱུ་ཞིང༌། ནམ་མཁའི་མཐའ་ཡང་གཞལ་བ་ལྟ་བུར་གྱུར་པ་གང་གི་ངོ་མཚར་བའི་རྟོགས་པའི་ཆ་ཤས་ཙམ་ཡང་བརྗོད་པར་རིགས་པ་ཉིད་ལས། མི་རིགས་པའི་ཀླན་ཀའི་གོ་སྐབས་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་ནའང་དམ་པ་འདི་ཉིད་ནི་རིགས་ཐམས་ཅད་ཀྱི་བདག་པོ། དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དྲུག་པ་རྡོ་རྗེ་སེམས་དཔའ་ཉིད་དང་དབྱེར་མིེ་ཕྱེད་པར་བཞུགས་པས། གང་གི་རྣམ་པར་ཐར་པ་མཐའ་དག་ནི་རབ་འབྱམས་ཞིང་གི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་བདེ་བར་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བར་དུ་བརྗོད་ཀྱང་རྫོགས་པར་མི་འགྱུར་ན། བདག་ལྟ་བུ་བྱིས་པ་བློ་གྲོས་གཞོན་ནུར་གྱུར་པའི་སོ་སོ་སྐྱེ་བོ་དག་གིས་ལྟ་ག་ལ་ཞིག །འོན་ཀྱང་མ་ལ་ཡའི་རླུང་གི་ཆ་ཤས་ཙམ་རེག་པས་ཀྱང་སྐྱེ་རྒུའི་ཚ་གདུང་སེལ་བ་ལྟར། རྗེ་བཙུན་འདིའི་ཕུལ་དུ་བྱུང་བའི་མཛད་པ་དག་གི་ཆ་ཤས་ཙམ་བསྙད་པས་ཀྱང་དད་པ་ཅན་དག་གི་སེམས་ཀྱི་གདུང་བ་སེལ་བར་འགྱུར་བར་མ་ཟད། བླ་མེད་ཡེ་ཤེས་མཆོག་གི་གོ་འཕང་རྡུལ་བྲལ་རྣམ་ཀུན་མཆོག་གི་རང་བཞིན་དེའང་མངོན་དུ་བྱེད་པའི་དངོས་རྒྱུ་བླ་ན་མེད་པ་དང༌། འདི་ཕྱིའི་བདེ་འབྲས་ཅིག་ཅར་འབད་མེད་དུ་སྩོལ་བ་ནི་གདོན་མི་ཟ་བ་ཉིད་ཀྱི་ཕྱིར་ན། སྔོན་གྱི་ཚེ་བསྟན་འགྲོའི་ལེགས་བྱས་ཀྱི་མེ་ལོང་