R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༣༢
[A:༡༣༢]དོན་འགྲུབ་ལས་རྨོར་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་ནས་མ་གསན་པའི་འཇིགས་བྱེད་རྭ་ལུགས་ཀྱི་ཡི་གེ་འགའ་ཞིག་གི་ལུང༌། བཀའ་འགྱུར་བ་རིན་ཆེན་དམ་ཆོས་ལས། འདུལ་བའི་ལས་ཆོག །རྣམ་རྒྱལ་གསེར་མདོག་སོགས་གོང་ས་ལྔ་པའི་བཀའ་འབུམ་ཁ་ཤས། མི་ལ་བཞད་པ་རྡོ་རྗེའི་འགུར་འབུམ། རྣམ་ཐར་སོགས་ཀྱི་ལུང་དང་སྙན་ངག་གི་ཕྱག་ཁྲིད་སོགས་ཞུ་བར་མཛད། སྔ་སོར་ཆོས་སྡེར་དགུ་མཐའ་གསན་སྐབས་སློབ་དཔོན་ཐུགས་ཡུལ་དོགས་པས་འབུལ་མ་ཤེས་པའི་སྐྱོན་གྱིས་མ་མཁྱེན་པར། འདིར་བཀའ་འགྱུར་བའི་བཀའ་ལས། བརྟག་ཞུ་ཚོར་དབྱངས་འཆར་གྱི་རི་མོ་དེ་གནང་ན་ཁྱད་ཆེ་འོང་ཕེབ་པར། དེ་ལ་དགུ་མཐའ་མི་ཤེས་པ་འདུག་ཞུས་པས། དེ་ལ་དཀའ་ཚེགས་མེད་ཅེས། གོང་དུ་གཅིག་འཕར་བཅུར་འགྱུར་ཏེ། །ཞེས་སོགས་ཀྱི་རིགས་པས་ནས་འབྲུ་སྤུངས་ནས་བརྡ་སྟོན་ཙམ་མཛད་པས་རི་མོར་མ་ལྟོས་པར་དགུ་མཐའ་ཡོངས་རྫོགས་ཚེགས་མེད་དུ་མཁྱེན་ཅིང༌། ཕྱིས་གཞན་ལ་ཕྱག་ཁྲིད་གནང་བའི་ཚེའང་བློ་ལ་འཆར་བདེ་ཞིང་རྟོགས་སླ་བ་ཞིག་བྱུང་བ་ནི། སྐད་ཅིག་གཅིག་ལ་ཆོས་རྣམས་ཐུགས་སུ་ཆུད། །ཅེས་པ་དེར་སྣང༌། སྔ་ལོ་ནས་སྙན་སྦྲོན་གྲུབ་པ་བཞིན་འདི་ལོ་མཁན་ས་སློབ་དཔོན་དུ་ཕབ་པ་དང་བླ་གཞིས་ཆོས་གཞིས་ཚང་མར་རྒྱབ་བསྣོན་གྱི་གཏན་ཚིགས་ཀྱང་ཞུ་བར་མཛད། སྡེ་དགེ་ནས་མི་དབང་ཆེན་པོར་ཡང་སྐྱབས་མགོན་འདི་ཉིད་ཁམས་སུ་ཕེབ་དགོས་ཀྱི་བཀའ་ཁྱབ་དང་མགོ་འདྲེན་རྣམས་ཀྱང་བརྩེ་གཟིགས་དགོས་ཚུལ་ནན་ཏན་ཞུ་བར་མཛད་པས། མི་དབང་ཆེན་པོ་ནས་ཀྱང་ཅིས་ཀྱང་མདོ་ཁམས་སུ་ཕེབ་དགོས་ཀྱི་བཀའ་གནང་