[A:༡༣༣]བ་ལྟར་མདོ་སྨད་དུ་ཕེབ་པའི་སྒོ་དོད་དེ། ཡར་ཀླུང་དུ་ཕེབ། བཀྲ་ཤིས་ཆོས་ཀྱི་སྡེར་གསང་ཆེན་འདུས་པའི་ཚོགས་ཀྱིས་རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྒོ་ནས་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་ཆོ་ག་རྒྱས་པར་མཛད་དོ། །དེ་དག་གི་དོན་བསྡུ་ན། མདོ་ཁམས་བདེར་བཀོད་དབུས་གཙང་བསྟི་གནས་གཤེགས། །རྟེན་གསུམ་མཆོད་ཅིང་འདར་གྲོང་གདན་སར་བཞུགས། །མདོ་སྔགས་རིགས་གནས་གསན་ཞིང་ཕན་དགོངས་མཛད། །གནས་གསར་འཇམ་མགོན་ཐུགས་བསྐྱེད་རྨད་བྱུང་ཡིན། །ཞེས་སོ། །དེ་ནས། ཟླ་བ་དྲུག་པའི་ཉེར་དགུ་གཟའ་ཚེས་ཕུན་སུམ་ཚོགས་པའི་ཉིན་སེར་སྐྱ་མཆོག་དམན་མང་པོས་མདུན་བདར་ཏེ། སླར་ཡང་མདོ་སྨད་ཕྱོགས་ཀྱི་བསྟན་འགྲོའི་དོན་ཆེན་སྒྲུབ་པའི་ཐུགས་བསྐྱེད་རྨད་དུ་བྱུང་བས་ཆིབས་ཀྱི་ཁ་ལོ་བསྒྱུར་རོ། །དེ་ནུབ་སྒེར་པར་བཞུགས། རིམ་བཞིན་བསམ་ཡས་སུ་བཞུགས། གྲུབ་དབང་བླ་མ་ཀུན་དགའ་ཚུལ་ཁྲིམས་ཞེས་རྨོར་ཆེན་རྡོ་རྗེ་འཆང་གི་ཞལ་སློབ་སྟན་ཐོག་གཅིག་ཏུ་མཁའ་སྤྱོད་མའི་ལྗགས་བསྙེན་ལ་ལོ་བཅོ་ལྔ་བཞུགས་ཤིང༌། མེ་རླུང་གི་ནུས་སྟོབས་རྒྱས་པ་སོགས་ཉམས་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང་སྐུ་ལུས་ཀྱང་སྨུག་འབེར་རྣལ་འབྱོར་དབང་ཕྱུག་བིརྺ་པ་ལྟ་བུ་ཞིག་བཞུགས་པས་དེ་ཉིད་མཇལ་བ་དང༌། གཙུག་ལག་ཁང་ཡོངས་སུ་རྫོགས་པའི་གནས་གཟིགས་དང་མཆོད་འབུལ་རྒྱས་པར་མཛད། ཚེས་གཉིས་ཀྱི་ནུབ་མོ་འོད་གསལ་གྱི་ངང་ལ་ཤེལ་བྲག་གི་རྒྱབ་རི་དང་མཉམ་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོའི་སྐུ་ཤིན་ཏུ་ཆེ་ཞིང་བརྗིད་པ་ཞིག་ཞལ་གཟིགས་ཤིང༌། དེའི་སྐུའི་ཆ་ཐམས་ཅད་ལ་ནུ་འབུར་ཤིན་ཏུ་མང་བར་