R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༣༥
[A:༡༣༥]ཆས་འགའ་ཞིག་རབ་བྱུང་གྲྭ་ཚང་གི་ཚོགས་སུ་སྤོང་ཐག་དང༌། ཁ་བཏགས་ཞིག་རྣལ་འབྱོར་སྤྱོད་པའི་དོད་དུ་སྐུ་ལ་དཀྲི་བར་མཛད་དོ། །གྲུབ་ཐོབ་ཆེན་པོའི་ལུང་བསྟན་འདི་གནས་གསར་བའི་སྐུ་བརྒྱུད། གངས་ལྗོངས་བདེ་ཐབས་སུ་ཡུན་རིང་གནས་པ་ཞིག་བྱུང་ན་ད་དུང་མཁས་གྲུབ་ཀྱི་ཕྲེང་བ་ཟམ་མ་ཆད་པར་བྱོན་ནས་རྒྱལ་བསྟན་སྤྱི་དང༌། བྱེ་བྲག་ས་རྙིང་གི་བསྟན་པ་ལ་ཤིན་ཏུ་ཁྱད་ཆེ་བར་འོང་ཡོད་འདུག་ཀྱང༌། སྤྱི་བྱེ་བྲག་གི་གདུལ་བྱའི་བསོད་ནམས་ཀྱི་སྐལ་བ་དེར་བས་སོ། །ཚེས་གསུམ་ཉིན་གནས་སྲུང་ཆོས་སྐྱོང་ཆེན་པོ་ཁོག་ཏུ་རློམ་པར་མཇལ་ཕྲད་མཛད་པར་གྲུབ་ཐོབ་ཆེན་པོའི་ལུང་བསྟན་གྱི་དགོངས་པ་ལྟར་རྟེན་གཞི་འདུལ་བར་འཚུབས་ཀྱང༌། སྐྱབས་མགོན་དམ་པ་འདི་ཉིད་ཀྱི་ཐུགས་བསྐྱེད་རླབས་པོ་ཆེ་ལ་ཆོས་སྐྱོང་ཡང་རྗེས་སུ་ཡི་རང་ཏེ། རྟེན་གཞིར་འཚུབས་ཀྱང་རྟེན་གསར་ལོས་ཡོད་དེ། །ད་ལྟའི་ལྷག་བསམ་རླབས་ཆེན་སྐྱོང་བ་དང༌། །ཞེས་སོགས་ཀྱི་བསྔགས་བརྗོད་དབུགས་དབྱུང་དང༌། ལྷ་རྫས་སྲིད་དུ་རིང་བ་དབུ་སྡོམ་དང་བཅས་པ་ཕུལ་ཞིང་བླང་དོར་གྱི་ལུང་བསྟན་མང་པོ་དང༌། གཞིས་བྱེས་ཀུན་ཏུ་མི་འབྲལ་བར་བཀའི་ཕྲིན་ལས་སྒྲུབ་པར་ཞལ་གྱིས་འཆེས། རབ་བྱུང་གྲྭ་ཚང་གི་མཁན་སློབ་འདུས་ཚོགས་དང་བཅས་པས་ཚེ་དཔག་མེད་ལྷ་དགུའི་སྒོ་ནས་ཞབས་བརྟན་གྱི་གསུང་ཆོག་དང་འབྲེལ་བའི་འབུལ་ནོད་ཀྱང་གཟབས་རྒྱས་མཛད། དེ་ནས་ལྷ་ལྡན་དུ་ཆོས་སྐྱོང་གི་ལུང་བཞིན་ཇོ་ཤཱཀ་རྣམ་གཉིས་སོགས་དང༌། འབྲས་སྤུངས་སྔགས་ཁང༌། གནས་ཆུང་ལྕོག་རྣམས་ལ་མཆོད་འབུལ་ཕྲིན་བཅོལ་རྣམས་དང༌། གོང་ས་མཆོད་ཡོན་གྱི་མཇལ་