R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༣༤
[A:༡༣༤]འགྲོ་བ་དུ་མས་ནུ་བ་བཞིན་རྗེ་དེ་ཉིད་ཀྱིས་ཀྱང་སྐུ་གཡོན་གྱི་ནུ་མ་བཞོས་པས་གྲུབ་དབང་དེའི་ཞལ་ནས། ཁྱེད་ཀྱི་སྐུ་ཚེའི་ཚད་ལྔ་བཅུ་ང་བདུན་ཡིན། ལམ་འབྲས་ཚར་བདུན་གསུངས་ཤིག་དང་བསྟན་འགྲོ་ལ་ཕན་ཐོགས་པར་འགྱུར་རོ། །ཞེས་དང༌། རབ་བྱུང་གི་བསླབ་པ་བྱང་སྒོ་སེམས་བསྐྱེད་གླིང་གི་གཙོ་བོ་མ་ཆགས་པདྨ་ཅན་ལ་ཕུལ་ཏེ་རབ་ཏུ་བྱུང་བའི་རྟགས་རྣམས་བོར་ནས་རྣལ་འབྱོར་སྤྱོད་པའི་ཆ་བྱད་བཟུང་ན་སྐུ་ཚེ་མཛད་ཕྲིན་མཐའ་རྒྱས་སུ་འགྲོ་ཚུལ་སོགས་དང༌། དེ་ལྟར་མ་བྱུང་ན་ལོ་གསུམ་ནས་སྐུ་ཚེའི་བར་ཆད་དུ་འགྲོ་ཚུལ་གྱི་ལུང་བསྟན་ཤིན་ཏུ་མང་བ་དང༌། ནི་གུུ་མའང་འདིར་ཡོད་གསུངས། གཟིགས་པས་ཡུམ་དྲུང་གི་སྐུ་རྒྱན་སོགས་ཇི་ལྟ་བ་གསལ་བར་གཟིགས། རྗེ་དེ་ཉིད་ཀྱི་བཀའ་ལས། ཕྱི་ནུབ་བླ་མ་མཁའ་འགྲོ་ཡི། །ལུང་བསྟན་ཡིད་ཆེས་དུ་མ་བྱུང༌། །ཞེས་གསུངས་པ་ལྟར། ནི་གུ་མ་དེས་ཀྱང་ལུང་བསྟན་ཤིན་ཏུ་མང་བར་མཛད་དམ་སྙམ་ཡང༌། སྐྱབས་མགོན་དམ་པ་འདི་ཉིད་སྦ་བ་ཁོ་ན་ལྷུར་མཛད་གཤིས་བསྙེལ་ཐོ་ཙམ་ཡང་མི་སྣང་ཞིང༌། ཞལ་སློབ་ཀྱི་གསུང་རྒྱུན་འདྲའང་མ་ཐོས། དེ་ལྟར་ལུང་བསྟན་གྱི་དོན་ལྟར་མཛད་ན་སྐུ་འདི་ཉིད་ཀྱི་སྐུ་ཚེ་སོགས་ཀྱང་མཐར་འཁྱོལ་དང༌། མཛད་ཕྲིན་གོང་འཕེལ་དུ་འགྱུར་བར་མ་ཟད། ས་ལམ་གྱི་ཡོན་ཏན་སྐད་ཅིག་ཙམ་གྱིས་རྫོགས་པ་སོགས་དགོས་པ་མཆོག་ཏུ་ཆེའང༌། ཚུར་མཐོང་གི་སྐྱེ་བོ་རྣམས་ཡ་ག་དང་སྒྲོ་སྐུར་གྱི་ཡུལ་དམ་པ་ལ་སྨད་པའི་ཉེས་པ་ཆེན་པོ་གསོག་པར་དགོངས་ནས། བདག་བས་གཞན་གཅེས་ཀྱི་ཐུགས་རླབས་ཆེན་བསྐྱེད་དེ་རྟེན་འབྲེལ་གྱི་སྣ་སེལ་དུ་སྣམ་སྦྱར་དང་ལྷུང་བཟེད་བྱང་སྒོ་སེམས་བསྐྱེད་གླིང་དུ་འབུལ་བ་དང༌། སྐུ་ཆོས་སོགས་རབ་བྱུང་