R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༣༦
[A:༡༣༦]ཕྱག་སོགས་མཛད། ཆོས་སྡེའི་ལམ་ཐོག་སྐོར་གྱི་བཀའ་ཤོག་ཅིག་ཞུ་བར་གནང་རྒྱུར། མི་དབང་ནས་སྡེ་དགེ་བསྟན་པ་ཚེ་རིང་དང་ངེད་གཉིས་མ་མཐོང་བའི་གྲོགས་པོ་བྱས་ཤིང༌། ངེད་ཕོ་ལྷ་ཐའི་ཇིའི་བྱ་བ་ལ་ཡིན་པར་འཛིན་པ་བསྟན་པ་ཚེ་རིང་མ་གཏོགས་མ་བྱུང་བས་སྙིང་ཉེ་གཤིས་བླ་མ་ཁམས་ནས་ཕེབ་འཕྲལ་ལ་ཡང་བསྐྱར་ཕེབ་དགོས་ཨུ་ཚུགས་ཞུས་པས་ཐུགས་མི་མཉེས་པ་བྱུང་མེད་དམ་ཞེས་གསུངས་པར། དམ་པ་དེ་ཉིད་ཀྱི་ཁོ་བོ་ལ་བསམ་རྒྱུ་བསྟན་འགྲོའི་དོན་ལས་མེད་གཤིས་སྡེ་དགོན་འདི་ཚོ་ཉམས་ཉེས་ཀྱི་དོགས་པ་ཙམ་ལས། གཞན་མ་འགྲོ་དོན་ཕྲིན་ལས་སྐྱོང་བར་འགྲོ་རྒྱུར་མི་དགའ་བ་ག་ལ་འོང་ཞེས་ཞུ་བར་གནང་བར། དགོན་པ་རྣམས་ནས་གནས་ཚུལ་རྒྱུ་མཚན་བྱུང་ཕྱིན་མགོ་འདྲེན་ཡང་དག་བྱེད་ཅེས་ཞལ་གྱིས་བཞེས་ཤིང༌། ད་ལམ་བཀའ་ཤོག་ཀྱང་ཤེ་བམ་རང་འབུལ་གསུངས་ནས་གནང་ཞིང༌། མཇུག་ཏུ་འོང་མགོ་འདྲེན་ཡང་དག་གནང་འདུག །བྱང་ལམ་བརྒྱུད་དེ་ར་སྒྲེང་གི་གནས་གཟིགས་སོགས་མཛད། ཆོས་སྐྱོང་གི་ལུང་དུ། ཡང་གཅིག་མི་མངོན་དབྱིངས་ནས་བྱ་ར་བྱས། །བདུན་པའི་མཇུག་དང་བརྒྱད་པའི་མགོ་ཞིག་ལ། །ལུང་པ་ཆུ་གསུམ་འཛོམས་པའི་གནས་གཅིག་ཏུ། །ངེས་པར་འཚུབས་པས་པེ་ཧར་རྒྱལ་པོ་གསོལ། །ཆུ་གསུམ་འཛོམས་པའི་རི་ཡི་ཤར་ཕྱོགས་སུ། །ཤིང་ནགས་འཚུབས་ཅིང་འདྲེ་ངན་གནས་པའི་ས། །བྲག་རི་བྱ་རོག་འདྲ་བ་ལྔ་ཡོད་པར། །སོ་སོའི་ཅོད་པན་ལོ་གྲངས་བཙུགས་ན་བཟང༌། །ཞེས་གསུངས་པར། ཤར་ཆུ་ཁ་ཟེར་བ་དེར་རི་ཆུ་ཤིང་སོགས་ཇི་ལྟ་བ་བཞིན་འདུག་པར། ལུང་པའི་ཕུར་སེར་བ་ཆེན་པོ་བབས་པས་ཆུ་གློ་བུར་དུ་རྒྱས་ཏེ་རབ་ལ་ཕེབ་མི་ཐུབ་པ་ཙམ་བྱུང་བར། གསོལ་མཆོད་རྣམས་རྒྱས་པར་མཛད་པས་བྲག་རིའི་རྩེར་བྱ་རོག་ཅིག་བབས་པས་སྐད་དྲག་པོ་འབྱིན་པ་