R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༣༧
[A:༡༣༧]དང་ཆུ་འཕྲལ་དུ་བྲི་སྟེ་ཕེབ་རབ་ཤིན་ཏུ་བདེ། ཆུ་འགྲམ་དུ་སྡེ་དགེ་ཚོང་དཔོན་གྱི་ལག་དོ་ཆུ་ཐིག་ཟེར་བ་སྟེང་གྲིབ་ཀྱི་རྣམ་པས་འདས་པ་སོགས་འཚུབས་ཉམས་ཆེའང་སྐྱབས་མགོན་རྡོ་རྗེ་འཆང་དཔོན་གཡོག་ཚང་མར་ཉེས་སྐྱོན་མེད་པར་བདེ་བར་ཕེབ་པ་བླ་མ་ཆོས་སྲུང་གི་ཆེ་བར་མངོན། ཁྲ་བོ་ཐང་དུ་ཕེབ་བསུ་བ་གཉེར་ཆེན་ལྷ་བུ་ཚེ་རིང་དཔོན་གཡོག་ཆིབས་རྐྱང་པོ་ཤིན་ཏུ་བཟང་བ་དང་བཅས་པར་འབྱོར། སྐུ་ཞོར་དུ་ལྷ་ཁང་གསར་པའི་རབ་གནས་གནང་དགོས་ཚུལ་གསུངས། དེ་ནས་སྡེ་དགེའི་བཀའ་བཞིན་འབྲི་ཆུ་རྒྱུད་དུ་དུང་མཐའ་དགོན་གྱི་ལྷ་ཁང་གསར་བཞེངས་ལ་རབ་ཏུ་གནས་པ་རྒྱས་པར་མཛད་དེ། ས་སྐྱོང་ཆེན་པོས་བསུ་བའི་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་ཏེ་ལུགས་གཉིས་ཀྱི་འདུན་ས་ཕོ་བྲང་ཆེན་པོ་དངུལ་མདའ་ལྷུན་གྲུབ་སྟེང་དུ་ཕྱགས་ཕེབ། དེ་ཉིན་རང་ཆོས་རྒྱལ་ཆེན་པོ་དེ་ཉིད་དང་མཇལ་ཕྲད་མཛད་དེ། རྒྱལ་ཡུམ་རྡོ་རྗེ་བཙུན་མོའི་སྣང་བརྙན་ལི་མ་ཁྱད་འཕགས་དང༌། ཞལ་དཀར། ཁྲི་རྡོ། ཡུལ་བབས་དང་མཐུན་པའི་སྣམ་ཐེར་སོགས་ལེགས་མཇལ་འབུལ་ནོད་རྒྱས་པར་མཛད་དེ། ཆོས་རྒྱལ་དེ་ཉིད་ཐུགས་དགྱེས་པའི་རྩེར་སོན་ནོ། །ས་སྐྱོང་མཆོག་ནས་ཀྱང་ཕེབ་ལམ་དུ་བདེ་བར་ཕེབས་པའི་ལེགས་འབུལ་རྒྱས་ཤིང་སྤུས་དག་པར་མཛད། སྡེ་དགེ་ཆོས་རྒྱལ་དེ་ཉིད་སྔོན་གྱི་བག་ཆགས་སད་པ་ལྟ་བུའི་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཐུན་མོང་མ་ཡིན་པ་འདིའི་བསྙེན་པས་ཐུགས་འཕྲོགས་ཏེ་གྲྭ་ཚང་ལ་ཆོ་ག་གྲྭ་འཛུགས་པ་དང༌། སྡེ་དགེ་ཉིད་ནས་ཀྱང་བཀའ་དབང་གསན་པའི་སྟ་གོན་གྱི་ནུབ་ས་སྐྱོང་ཆེན་པོའི་མནལ་ལམ་དུ་མ་ཧེ་འདྲ་བའི་སེམས་ཅན་ཞིག་གིས་རྒྱབ་ཏུ་