R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༣༨
[A:༡༣༨]ཁྱེར་ནས་འདམ་རྫབ་མང་པོ་བརྒལ་ཏེ་ནེའུ་གསེང་མེ་ཏོག་དང་བཅས་པའི་གནས་ཤིག་ཏུ་ཕེབ་པའི་མནལ་ལྟས་ཀྱིས་ཐུགས་དད་ཆེར་གཡོས་ཏེ་དབང་བརྒྱ་གསན་བཞེད་བཅས་ལ་དེ་ཁའི་སྙན་གསན་གནང་བ་བཞིན་ཞལ་གྱིས་བཞེས་ཤིང༌། བསམ་ཡས་ཆོས་སྐྱོང་ཆེན་པོས། འབྲས་སྤུངས་སྔགས་ཁང་མཆོད་འབུལ་ངོས་ཀྱིས་མཛོད་གསུང་བ་འཇིགས་བྱེད་ཀྱི་འགྲོ་དོན་འབྱུང་བར་དགོངས་པ་ཡིན་སྣང་ངོ༌། །དེར་ཟབ་ཆོས་ཉེར་མཁོ་ཁ་ཤས་དང༌། དེ་ནས་འཇིགས་བྱེད་དབང་བརྒྱ་འཛུགས་པ་གནང་སྟེ། འདི་ལོ་ལྔ་བཅུ་ཙམ་རྫོགས་མཚམས་སུ། སྦྲུལ་ལོའི་མགོ་ནས་བཟུང་ས་སྐྱོང་ཆེན་པོས་ཙནྡན་དཀར་དམར་ལས་གྲུབ་པའི་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་དཔངས་ཚད་ཐོག་སོ་ཕྱེད་གཉིས་ཙམ་ཤིན་ཏུ་སྤུས་གཙང་བ་བཞེངས་པར་མཛད་པའི་གཟུངས་དང་བཟོ་བཀོད་སོགས་དང་བར་རྣམས་སུ་དཔོན་བློན་སོ་སོའི་དགོངས་བཞེད་ལྟར་ཆོས་བཀའ་ཡང་མང་དུ་འབུལ་བར་མཛད། བཟོ་རྣམས་ཕལ་ཆེར་གྲུབ་ནས་ཟླ་བ་དྲུག་པའི་ཚེས་བཞི་ལ་ས་ཆོག་དང༌། བདུན་ནས་གཟུངས་འབུལ་གྱི་དབུ་འཛུགས་པ་གནང་སྟེ། དྲི་མེད་རྣམས་གཉིས་ཀྱི་སྒྲུབ་མཆོད་ཤིན་ཏུ་རྒྱས་པ་དང༌། ཆོས་རྒྱལ་དཔོན་བློན་རྣམས་ལ་རིགས་གཏད་ཀྱང་མཛད་ཅིང༌། གཟུངས་འབུལ་གྱི་རིམ་པ་རྣམས་སྐྱབས་མགོན་མཆོག་ཁོ་ནས་སྐུ་ངལ་དུབ་ཁྱད་དུ་བསད་དེ་འབུལ་ཚུལ་གོ་རིམ་མ་འཁྲུགས་ཤིང་ཕྱག་འཚགས་དམ་པ་སོགས་དང༌། རྡོར་དཀར་སོགས་བརྒྱུད་ལྡན་གོང་མའི་ཕྱག་བཞེས་ཕྲ་མོ་ཚུན་ཆད་ཀྱང་མ་ཉམས་པར་ཕྱིས་ཀྱི་མིག་ལྟོས་ལ་ཕན་ངེས་ཤེས་པ་མཛད་པས་ཆོས་ཀྱི་རྒྱལ་པོ་དེ་ཉིད་ནི་དབང་རྣོན་ཆོས་རྗེས་འབྲང་བ་ལས་ཅལ་སྒྲོག་གི་བརྟུལ་ཞུགས་མི་འཛིན་པས་བྱས་