[A:༡༣༩]པ་དོན་ལྡན་དུ་སོང་ཞེས་ཐུགས་ཤིན་ཏུ་ཚིམ་པར་གྱུར་ཏོ། །སྟོན་མཇུག་ནས་བཟུང་འཇིགས་བྱེད་དབང་བརྒྱའི་འཕྲོས་དང༌། ཚེ་དཔག་དབང་བརྒྱ་སོགས་འབུལ་བ་གནང༌། རྟ་ལོ་ཟླ་བ་གཉིས་པའི་ནང་དུ་ཆོས་རྒྱལ་བསྟན་པ་ཚེ་རིང་སྐུ་ཁམས་ཅུང་ཟད་ལྟེམ་པར། དམར་ཆེན་གཏོར་ཟློག་སོགས་སྐུ་རིམ་རྒྱུན་མི་འཆད་དང༌། སྔོན་ནས་བཞེངས་གནང་གི་བདེ་གཤེགས་མཆོད་རྟེན་བརྒྱད་དང་སྐུ་ཚད་མཉམ་ཞིང་སྐུ་རྒྱུ་ཞེ་མཚུངས་ཀྱི་རྣམ་རྒྱལ་མཆོད་རྟེན་གཅིག་གསར་བཞེངས་དང༌། འདི་རྣམས་ལ་རབ་གནས་སྐབས་སུ་ཆོས་རྒྱལ་དེ་ཉིད་མྱུར་དུ་ཞི་བར་གཤེགས་པའི་མི་དགེ་བའི་ལྟས་སུ་མི་ངས་སྣ་ཚོགས་ཤིག་བྱུང་འདུག་ཀྱང༌། གནས་ལུགས་བཤད་ན་སྐུར་བའི་རྒྱུར་མཆིས་སོ། །དེར་དཀོན་མཆོག་སྤྱི་འདུས་ཀྱི་དབང་སོགས་འབུལ་བ་གནང༌། ལོ་དེའི་ཟླ་བ་དྲུག་པའི་ཚེས་གསུམ་ལ་ས་སྐྱོང་དེ་ཉིད་སྐུ་ཞི་བར་གཤེགས་པའི་ཐུགས་དམ་གསལ་འདེབས། སྦྱིན་སྲེག །ཞེ་དགུ་འཛིན་པ། རུས་ཆོག །སཱཙྪ་ཞེས་བོད་སྐད་དམ་པའི་གཟུགས་ཏེ་སཱ་ཚ་དང་ཚ་ཚ་སོགས་སྒྲ་ཉམས་པ་ཡིན་ཞེས་མཁས་པ་རྣམས་གསུང༌། གང་ལྟར་ཚྭ་ཆོག །གདུང་ཁང༌། དངུལ་གདུང་གི་ཞལ་བཀོད། གཟུངས་དང་རབ་གནས་རྣམས་མཛད་ཅིང༌། ཆོས་རྒྱལ་དེ་ཉིད་ཀྱི་དགོངས་བཞེད་ལྟར་ལྕགས་ར་བསམ་འགྲུབ་རྩེ་དང༌། རྨད་ཤོད་རྫོང་གསར་དགོན་གཉིས་སུ་སོ་སོར་འདུས་པ་ཉིས་བརྒྱ་བརྒལ་བ་ལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ཐུན་མོང་མ་ཡིན་པའི་དབང་དང་ལུང༌། ཕྱག་ལེན་གྱི་བསླབ་སྦྱོང་སོགས་ཡང་དག་དང༌། དགོན་སོ་སོར་གྲྭ་པ་བདུན་ཅུ་སྐོར་རེས་རྭ་ཆེན་གྱི་མངོན་རྟོགས། ཚར་ཆེན་