R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༤༡
[A:༡༤༡]གཅིག་དང༌། འབུམ་ཚར་གཉིས། ས་སྐྱ་བཀའ་འབུམ་ཚར་གཅིག་བཅས་སྤར་འདེབས་ཞུ་བར་མཛད་པར་ཇ་འཁོར་དྲུག་བརྒྱ་དང་དགུ་བཅུ་གོ་དགུ་དགོས་པར། ཇ། ནས། རྟ། མཛོ་ཕོ་མོ། འབྲི་གཡག་སོགས་སོང་འདུག་ཅིང༌། སྨན་པའང་སྡེ་དགེའི་ཐུགས་རྗེར་ཕུན་སུམ་ཚོགས་པ་དང༌། མཛོད་པ་ནས་ཀྱང་ཕྱག་རྫས་གང་ཡོད་ཕོངས་མེད་ལྟ་བུའི་སྐུ་སྟོབས་ལ་དཔག་པའི་སྐུ་རིམ་ཞབས་བརྟན་རྒྱ་ཆེ་གནད་འགྲོར་ཞུས་ཤིང༌། གཙོ་ཆེར་སྐྱབས་མགོན་རྡོ་རྗེ་འཆང་འདི་ཉིད་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བ་བཅས་སྐུ་ཁམས་ཀྱང་རིམ་དྭངས་ཀྱི་ཚུལ་བཞེས། དྲག་པོ་ཞེས་པ་ལྕགས་སྤྲེལ་ལོ་དགུང་ཀེག་ལའང་ཞབས་བརྟན་དུ་རྣམ་རྒྱལ་མ། ཚེ་དཔག་མེད། སྒྲོལ་མ། ཤེར་སྙིང༌། བསམ་པ་ལྷུན་གྲུབ་མ། ལེའུ་བདུན་མ། མ་ཎི། སིདྡྷི། ཆོས་སྲུང་གི་བསྐང་བ་སོགས་ཤིན་ཏུ་རྒྱ་ཆེ་བ་དང༌། ཀཿཐོག་གཙུག་ལག་ཁང་གི་ཞིག་གསོའི་ཐེབས་སུ་ནས་ཁལ་ཉིས་བརྒྱ་སྩལ། སྤྲེལ་ལོར་བཀྲ་ཤིས་ལྟེམས་སུ་གདན་དྲངས་ཏེ་དཔོན་མོར་སྲས་མེད་པར་སྲིད་སྤེལ་གྱི་ཐབས་རིམ་དང་ཆོས་བཀའ་ཤིན་ཏུ་མང་བ་སྩལ་བས་སྲས་ཀྱང་འཁོར་ཞིང་བྱིན་རླབས་སོགས་ལ་ཡུན་རིང་བཞུགས། དེ་ནས་འཛོམ་ཐོག་རྒྱལ་པོའི་ཕོ་བྲང་ཆེན་པོར་ཡུམ་སྲས་རྣམས་ནས་བདེ་བར་གཤེགས་པའི་མཆོད་རྟེན་བརྒྱད་དང༌། གུར་ཞལ་ལྕམ་དྲལ་གྱི་མགོན་ཁང་སོགས་རྟེན་གསུམ་མང་དུ་བཞེངས་གནང་གི་གཟུངས་རབ་གནས་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྒྱས་པ་དང༌། ཡུམ་སྲས་དཔོན་བློན་རྣམས་ལ་དྲི་མེད་ཀྱི་དབང་སོགས་ཟབ་ཆོས་ཀྱང་ཅི་རིགས་སྩལ་ཞིང༌། ངོར་པའི་ཆོས་རྗེ་བསྟན་འཛིན་ཕུན་ཚོགས་ཀྱི་དྲུང་