[A:༡༤༢]ནས། རིགས་གསུམ་སྤྱི། ཁྲོས་ནག་ལྷ་ལྔ། གུར་རིགས་བསྡུས། སམྦུཊི། མི་འཁྲུགས་པ་དངོས་སྟ་དང་འབྲེལ་བ་རྣམས་ཀྱི་དབང་དང༌། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་དང༌། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་བཀའ་འབུམ། འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་མགོན་པོའི་ཆོས་འབྱུང་གི་ལུང་སོགས་གསན་ནོ། །དེ་དག་གི་དོན་བསྡུ་ན། སླར་ཡང་མདོ་ཁམས་ཕེབ་ཚེ་བླ་མ་ལྷས། །ལུང་བསྟན་སྲུང་མས་ལས་སྒྲུབ་ཆོས་སྐུའི་རྟེན། །བཞེངས་སོགས་མ་ལུས་གདུལ་བྱའི་རེ་བ་བསྐང༌། །གནས་གསར་འཇམ་མགོན་བསླུ་མེད་ཐུགས་རྗེ་ཡིན། །ཞེས་སོ། །དེ་ནས་མདོ་སྨད་ཕྱོགས་ཀྱི་གདུལ་བྱའི་དོན་རྣམས་གྲུབ་ནས་དབུས་སུ་ཕེབ་པར་བཞེད་པ་ན། སྡེ་དགེ་བླ་ཆེན་ཕུན་ཚོགས་བསྟན་པས་ཕེབ་རྫོང་དངོས་འབུལ་སྤོམ་མཐོ་བ་དང༌། གཞན་ཡང་ཞལ་སློབ་བློན་འབངས་དད་ལྡན་ཀུན་གྱིས་སོ་སོའི་འབྱོར་བསྟུན་གྱི་དགེ་ཚོགས་སྤེལ་ཕྱིར་འབུལ་ནོད་གཟབས་རྒྱས་དང༌། སྡེ་དགེའི་སྐུ་ཚབ་ཆེད་མངགས་དང་བཅས་ཏེ་བྱ་ལོ་ཟླ་བ་བདུན་པའི་ནང་དུ་དབུས་གཙང་ཕྱོགས་སུ་ཆིབས་ཁ་བསྐྱོད་དེ་བྱང་ལམ་བརྒྱུད་ནས་ཕྱགས་ཕེབ། སྒྲུབ་རྒྱུད་ཀྱི་གདན་ས་དཔལ་ལྡན་སྟག་ལུང་གི་གནས་རྟེན་རྣམས་ལ་མཆོད་འབུལ་སྨོན་ལམ་མཛད། ནཱ་ལེནྡྲ་ནས་བཅོ་བརྒྱད་ཆོས་ཀྱི་རྗེ་དང་ཁམས་ཚན་མི་སྣ་སོགས་ཀྱིས་ཕེབ་བསུ་དང་བཅས་ཏེ་བཅོ་བརྒྱད་བླ་བྲང་དུ་ཕེབ། གཞིས་ལེན་བསྙེན་བཀུར་རྒྱས་པར་མཛད་དེ་གདུང་བརྒྱུད་རིན་པོ་ཆེས་ཆོས་བཀའ་གསན་བཞེད་ཀྱི་སྙན་གསན་འབུལ་བ་གནང་བར་ཞལ་གྱིས་བཞེས། གནས་གཟིགས་རྣམས་མཛད་དེ་ལྷ་ལྡན་