R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༤༠
[A:༡༤༠]ཡབ་སྲས་གཉིས་ཀྱིས་མཛད་པའི་བརྒྱུད་འདེབས། དཀྱིལ་ཆོག །ལྷན་ཐབས་དང་བཅས་པ་བློ་འཛིན་གནང་བའི་སྒྲུབ་མཆོད་ཚར་ལུགས་ཀྱི་ཕྱག་ལེན་ཇི་ལྟ་བ་བཞིན་འཛུགས་པ་དང༌། དེ་བར་བུམ་འཛིན་དུ་ཕེབ། སྒྲུབ་མཆོད་འཛུགས་ཉེའི་སྐབས་དགོན་ཆེན་ནས་རྨད་ཤོད་ཀྱི་བར་ལ་གླང་གི་སྐད་འདྲ་བ་ཡང་ཡང་སྒྲོགས་པ་ཀུན་གྱིས་ཐོས་པ་བྱུང་ཞེས་རྨད་ཤོད་བླ་མ་ཡོན་ཏན་རྒྱ་མཚོ་ནས་གླེང༌། བསམ་ཡས་ཆོས་སྐྱོང་གི་ལུང་དུ། མཐའ་བཞིའི་ཡུལ་དུ་ལུག་རྟ་གང་རིགས་སུ། །ངེས་པར་བསྡུ་བའི་རྟེན་འབྲེལ་ཆེ་ན་ཡང༌། །ཞེས་སོགས་གསུངས་པའི་ལུང་གསལ་གྱི་ཞབས་བརྟན་སྐུ་རིམ་རྣམས་བསྒྲུབས་ཟིན་ཀྱང༌། སྐུ་ཉེན་དོགས་ཆེ་བར་སྦྲུལ་ལོ་དང་རྟ་ལོ་གཉིས་སུའང༌། ཚེ་ཆོག་སྟོང་ཚར་དྲུག་ཙམ་དང༌། སྒྲོལ་ཤེར། བསམ་པ་ལྷུན་གྲུབ་མ་སོགས་ཁྲི་ཕྲག་མང་པོ། ཆོས་སྲུང་ལ་བསྐང་བ་སོགས་སྐུ་རིམ་མང་དུ་མཛད། ལུག་ལོར་ལྷུན་གྲུབ་སྟེང་དུ་མངའ་ཞབས་ལ་འགྲིམས་རྒྱུའི་བུམ་གཏེར་མང་པོ་སྒྲུབ་གནང་ལ་ཚུར་མཐོང་གི་སྣང་ངོར་སྐུ་འཁྲུགས་ལྟ་བུའི་སྐུ་ལྟེམ་བབས་ཤིན་ཏུ་ལྕི་བར། ཞབས་བརྟན་སྐུ་རིམ་དུ་སྡེ་དགེའི་མངའ་ཞབས་ཀྱི་དགོན་པ་ཡོངས་སུ་རྫོགས་པར་སོ་སོའི་ལུགས་མཐུན་གྱི་ཞལ་འདོན། སྒྲོལ་མ། ཤེར་སྙིང༌། བསམ་པ་ལྷུན་གྲུབ་མ་སོགས་ཁྲི་ཚར་མང་པོ། ཚེ་ཆོག་སྟོང་རྩ་གསུམ། རྣམ་རྒྱལ་སྟོང་རྩ། མ་ཎི་དང་སིདྡྷི་དུང་ཕྱུར། བཀའ་འགྱུར་རིན་པོ་ཆེ་ཚར་གཅིག །བརྒྱད་སྟོང་པ་བརྒྱ་ཕྲག་ཏུ་ཉེ་བ། གཞན་ཡང་ཆོས་སྲུང་གི་བསྐང་བ་སོགས་ལ་ཁྱོན་ཇ་རྐྱང་དུ་བསྒྲིགས་ན་ཇ་བག་སུམ་བརྒྱར་ཉེ་བ་སོང་ཞིང༌། ཞབས་བརྟན་ཐོག་ཏུ་བཀའ་འགྱུར་རིན་པོ་ཆེ་ཚར་