[A:༡༤༣]དུ་ཕེབ་ཅིང༌། གོང་ས་མཆོད་ཡོན་གྱི་མཇལ་ཕྱག་ལ་དངོས་འབུལ་སྤོམ་མཐོ་བ་དང༌། སྡེ་དགེ་ཆོས་ཀྱི་རྒྱལ་པོ་བསྟན་པ་ཚེ་རིང་གི་དགོངས་རྫོགས་སུ་ཆེད་དམིགས་ཀྱིས་ཇོ་བོའི་སྐུ་མདུན་དུ་སྟོང་མཆོད་དང༌། རྩེ་ཤོད་ར་མོ་ཆེ་སོགས་སུ་མཆོད་འབུལ་དང་གསེར་ཆབ་སོགས་གཟབས་རྒྱས་མཛད། དེ་སྐབས་ཙམ་ལ་ཡིན་ནམ། རྗེ་འདིས་ལྷ་ལྡན་དུ་སྐུ་བསྙུན་ཚུལ་བཞེས་སྐབས་ཤིག་དགའ་ལྡན་ཕུན་ཚོགས་གླིང་ནས་ཡིན་པའི་ལྕགས་ཟམ་པ་བློ་བཟང་དཔལ་གྲུབ་ཅེས་གྲུབ་དབང་ཐང་སྟོང་རྒྱལ་པོའི་རྣམ་སྤྲུལ་དུ་ཞལ་གྱིས་བཞེས་པ་ཞིག་ཡོད་པ་འདི་ལྷ་སར་ཕེབ་པ་དང་འགྲིགས་པས། རྐྱེན་སེལ་ལ་གདན་འདྲེན་ཞུ་བར་མཛད་པས། དེ་འཕྲལ་ཆིབས་བརྒྱུགས་ཀྱིས་བྱོན་ཏེ་སྤྱན་འདྲེན་པ་རྗེས་སུ་ལུས། སྐུ་མདུན་དུ་ཕེབ་མ་ཁད་སྐུ་རྒྱབ་ཕྲེད་ཁུག་ནས་ཤིང་གི་ཚེ་བུམ་བཏོན་ཏེ་སྐོག་ཐག་སྐོག་ཐག་ཅེས་དབུ་ཐོག་ཏུ་འབུལ་བར་མཛད་པས་བསྙུན་ལས་གྲོལ་ཞིང༌། སྒྲུབ་ཐབས་རིན་འབྱུང་གསན་པའི་སྙན་སྦྲོན་ཀྱང་བཀའ་དྲིན་བསྐྱངས། སྡེ་བ་སྤོ་ར་བ་ངག་དབང་བསྟན་འཛིན་ཕུན་ཚོགས་སོགས་ལ་མཁའ་སྤྱོད་མའི་ཆོས་སྐོར་ཅི་རིགས་པ་གནང་སྟེ་མི་རིང་བར་ཡར་ཀླུང་དུ་ཆིབས་བསྒྱུར། རྡོ་རྗེའི་ཆོས་སྲུང་རྣམས་ལ་གཏང་རག་དང༌། འདུས་སྡེ་སྤྱི་ལ་བཟང་གོས་ཀྱི་བླ་བྲེ་སོགས་ཀྱི་སྤྱི་འབུལ་དང༌། ཇ་དངུལ་མཛོ་སོགས་ཀྱི་འགྱེད་དང་བཅས་པས་ཕེབ་སྐྱེས་རྒྱས་པར་སྩལ། ཡར་འཕྱོང་གཉིས་ཀྱི་དགོན་ཁག་ཚང་མ་དང༌། ཡས་མཆོག་ཁུལ་གྱི་ས་དགོན་རྣམས་བཅས་ལ་མང་ཇ། སྦྱོར་སྦྲེལ། བསྔོ་རྟེན། སྣེ་གཞག་སོགས་དང༌། གྲྭ་ཚང་ཆེ་ཁག་འགའ་ཞིག་དང་གལ་ཆེ་བ་རྣམས་ལ་རྟ་སོགས་