[A:༡༤༤]ཀྱི་སྤྱི་འགྱེད་ཀྱང་གནང༌། ཀློང་ནག་བླ་མ་ཀུན་དགའ་དཔལ་འབྱོར་སོགས་གསུང་ངག་སློབ་བཤད་ཞུ་བར་ཆེད་གཏད་འབྱོར་པའི་ཁམས་འགྲུལ་བ་ཁ་ཤས་དང༌། བཀྲ་ཤིས་ཆོས་སྡེའི་སློབ་དཔོན་གཉིས་སོགས་འདུས་པ་ཉུང་ཤས་ལ་བླ་བྲང་གཟིམས་ཆུང་དུ་གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་མདོ་རྒྱུད་ཀུན་གྱི་སྙིང་པོ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཚོགས་བཤད་དང༌། སློབ་བཤད་གཉིས་ལས་ཤིན་ཏུ་ཟབ་ཅིང་རྒྱས་པ་དཔལ་ཁའུ་བྲག་རྫོང་པའི་བཀའ་སྲོལ་ཚར་ལུགས་སློབ་བཤད་ཐུན་མོང་མ་ཡིན་པའི་དབང༌། བྱིན་རླབས། ཁྲིད། ལུང་ཡོངས་སུ་རྫོགས་པ་སྟེ། གསུང་ངག་སློབ་བཤད་གནང་བའི་དང་པོ་དང༌། གཞན་ཡང་འདོད་ཆོས་རིགས་ཤིན་ཏུ་མང་བར་སྩལ། འདི་སྐབས་སྙེ་ཐང་འཕགས་སྡེའི་མཁན་པོར་མཆོད་དཔོན་ཡར་འབྲོག་ཞབས་དྲུང་ནས་དགོངས་ཞུ་མཛད་པར། འཕགས་སྡེ་བ་སྤྱི་སོས་སྐྱབས་མགོན་རྡོ་རྗེ་འཆང་འདི་ཉིད་མཁན་པོར་ཞུས་ཆོག་པའི་དགོངས་སྐོར་ཕུལ་བའི་ཕྱིར་ཕེབ་ཏུ། ཁྱེད་ཚོའི་བླ་མ་གནས་གསར་དབོན་ནས་མཛད་ན་སྒྲིག་ལམ་ཀུན་སྤྱོད་ཆོ་ག་ཕྱག་ལེན་གང་ཅིར་ཕན་ངེས་འོང་བར་འདུག་ཅིང༌། འདི་ཐོག་ནས་རྒྱུ་མཚན་ཞུས་འཐུས་ཕེབ་པར། འཕགས་སྡེའི་གྲ་བགྲེས་བསྟན་པ་རྒྱལ་མཚན་ནས་ཡར་ཀླུང་དུ་སྙན་འབུལ་ཞུ་བར་ཕྱིན་ཏེ། གང་སྤྱིའི་གནས་ཚུལ་ཞིབ་ཏུ་གསོལ་བར། སྡེ་དགོན་གྱི་འཛིན་སྐྱོང་རིགས་འདི་ཆོས་ཀྱི་འགལ་རྐྱེན་དུ་བསམས་ནས་བཀྲ་ཤིས་ཆོས་སྡེའང་མཁན་ས་སློབ་དཔོན་དུ་ཕབ་པ་སོགས་སྒོ་དུ་མ་ནས་རྣམ་གཡེང་མི་འབྱུང་བའི་ཐབས་ལྷུར་ལེན་བྱས་པ་ཡིན་གཤིས། དགོན་པ་གཞན་གྱི་འཛིན་སྐྱོང་རིགས་གཏན་