[A:༡༤༥]ནས་མི་འོང་ཞེས་ཞལ་གྱིས་མ་བཞེས། དེ་སྔ་ནས་འཕྱོང་རྒྱས་འདུ་ཁང་པའི་བཅའ་ཡིག་གི་ཐང་ཀ་དབུས་སུ་འཕགས་མཆོག་ཆོས་ཀྱི་རྒྱལ་པོའི་སྐུ་བརྙན་བྲིས་པ་དེའང་འཕྱོང་རྒྱས་ནས་འཆར་བ་ཕྱག་ཏུ་འབྱོར་བ་དང༌། གྲྭ་ཚང་གི་ཞུ་ཡིག་ཕྱག་ཏུ་ཕུལ་བ་དང་དུས་མཚུངས་སུ་དཔྱིད་འབྲུག་གི་ཐོག་མ་བསྒྲགས་པས་དགོན་ཞོལ་གྱི་མི་རྣམས་ཀྱིས་ལྷ་རྒྱལ་འཐེན་པ་སོགས་རྟེན་འབྲེལ་གྱི་མཚན་ལྟས་ཀྱང་ལེགས་ཤིང༌། ཡང་བསྐྱར་སྙན་ཞུ་ནན་ཏན་ཕུལ་བ་བཅས་ཞལ་གྱིས་འཆེས་པ་ནི། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་དང༌། འཕགས་ཆེན་དཔལ་ལྡན་གྲགས་པ་སོགས་ནས་བཟུང་ཡོངས་རྫོགས་བསྟན་པའི་ཉི་མ་མཁན་རིན་པོ་ཆེ་དབང་ཕྱུག་དཔལ་བཟང་དང༌། མཁས་གྲུབ་དབང་པོ་ངག་དབང་ཆོས་བཟང་ལ་སོགས་པའི་བར་དུ་བྱོན་པའི་འཕགས་བརྒྱུད་པད་དཀར་ཕྲེང་བ་ལྟ་བུ་ལས་བརྒྱུད་དེ་འོངས་པའི་ཕྱི་འདུལ་བའི་ཁྲིམས་ཀྱིས་མངོན་པར་མཛེས་ཤིང་གཞི་གསུམ་གྱི་རྣམ་གཞག་རྣམས་ཀྱང་ཆད་མེད་དུ་མཛད་པས་ཇོ་བོ་སྟན་གཅིག་པའི་བརྟུལ་ཞུགས་འཛིན་པ། དཔལ་དུས་ཀྱི་འཁོར་ལོ་དང་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོ་ལ་ཡི་དམ་གྱི་གཙོ་བོར་འཛིན་པས་ནང་གསང་སྔགས་ཀྱི་རྣལ་འབྱོར་པ། འདོད་ཆུང་ཆོག་ཤེས་ཀྱིས་དམན་ཆ་ལྷུར་བླངས་ཏེ་འཕགས་པའི་སྡེ་ཞེས་མཚན་དོན་མཐུན་པའི་རིང་ལུགས་དབྱར་གྱི་ཆུ་གཏེར་དང་མཚུངས་པ་དེ་དུས་དབང་གིས་སོས་ཀྱི་ཆབ་རོམ་ལྟར་འགྱུར་བར་ཉེ་བ་ཐུགས་ཀྱིས་མ་བཟོད་པར་རྒྱལ་བའི་སྲས་པོ་དཀོན་མཆོག་འབངས་ཡབ་སྲས་ཀྱི་ཆོས་ཀྱི་དབྱིངས་ནས་བསྐུལ་བར་གདོན་མི་ཟ་སྙམ་མོ། །བསམ་ཡས་རབ་བྱུང་དགེ་སློང་དགེ་ལེགས་བཟང་པོ་དང༌། དགེ་