R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༤༧
[A:༡༤༧]རྟེན་འབྲེལ་ལེགས་པ་ཡིན་ཞེས་གསུངས། དགེ་འདུན་འདུས་པའི་ཚོགས་ཀྱིས་ཕེབ་བསུའི་བཀོད་པ་ཟབ་རྒྱས་དང་བཅས་ཏེ། འབྲིང་ཡེ་ཤེས་རྒྱལ་མཚན་གྱི་གནས་གཞིར་བཟུང་བས་བཀའ་གདམས་པའི་དགོན་རྙིང་ལ་དུས་ཕྱིས་ཐམས་ཅད་མཁྱེན་པ་རྗེ་བཙུན་ཀུན་དགའ་སྙིང་པོ་དཔོན་སློབ་ཀྱིས་སྒྲུབ་སྡེ་འཛུགས་པར་མཛད་པའི་གནས་སྙེ་ཐང་བྲག་སྣ་དགོན་དུ་ཕྱག་ན་པདྨོའི་རྣམ་རོལ་འཕགས་ཆེན་དཔལ་ལྡན་གྲགས་པའི་ཁྲི་ལ་ཞབས་ཟུང་བཀོད་དེ་ཟབ་ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེ། གཞུང་ས་མཆོག་ནས་བསྐོ་འཇའ་ཁྲི་འགྱེད་དང༌། གཞན་ཡང་སེར་སྐྱ་ཀུན་གྱིས་རང་རང་གི་འབྱོར་ཚོགས་མཆིས་རྒུ་ལྟ་བུར་མཆོད་སྤྲིན་དུ་སྤྲོས། འདུས་པའི་ཚོགས་ལ་དཀར་ལྷ་གསུམ་གྱིས་ཆོས་སྒོ་ཕྱེ་བའི་ཀྱེ་རྡོར་རྒྱུ་དབང༌། ཀུན་རིག་གི་དབང༌། མགོན་པོ་ཁྲོ་བཅུའི་རྗེས་གནང༌། ཕྱག་དྲུག་པའི་གཏོར་དབང་སོགས་རྗེས་གནང་མང་པོ་དང༌། བྲག་རྫོང་མའི་ཕྱི་ཁྲིད། ཐུགས་རྗེ་ཆེན་པོའི་དམར་ཁྲིད། གཉན་མགོན་དཀར་པོ་ཚེ་འཕེལ་གྱི་ཁྲིད་དང༌། ལུང་གི་རིགས་མང་པོ། སེར་སྐྱ་ཤིན་ཏུ་མང་བར་ཁྲོམ་དབང་སོགས་སྩལ་ཏེ། སླར་ཡང་ལྷ་ལྡན་དུ་ཆིབས་བསྐྱོད། སེ་ར་ཐེག་ཆེན་གླིང་གཏོར་སྒྲུབ་སློབ་དཔོན་ཡུན་རིང་དུ་མཛད་ནས་རྨོར་ཆེན་ཆོས་ཀྱི་རྒྱལ་པོ་སོགས་ཡོངས་འཛིན་དུ་མའི་ཞབས་པད་ལ་གཏུགས་ཤིང༌། ལྷག་པར་དཔལ་རྟ་མགྲིན་ལ་ཐུགས་དམ་གྱི་གཙོ་བོར་མཛད་པས་རྟ་མགྲིན་གྱི་གྲུབ་ཐོབ་ཏུ་གྲགས་པ་དེ་ལ་རྟ་མཆོག་རོལ་པ་ཡང་གསང་གི་རྩ་དབང་ཀུན་གཟིགས་ལྔ་པ་ཆེན་པོའི་བཀའ་འབུམ་ཁྲོད་ཀྱི་ཡང་གསང་སྐོར་ཕལ་ཆེ་བ། དགེ་སློང་འཇམ་དབྱངས་གྲགས་