R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༤༨
[A:༡༤༨]པའི་གསུང་སྐོར་རྨོར་ཆེན་རྗེའི་དྲུང་དུ་མ་གསན་པའི་ཡིག་རྙིང་ཐོར་བུ་དམག་ཟོར་མའི་སྐོར་སོགས་དབང་ལུང་མང་དུ་གསན། ལྷ་ལྡན་དུ་ཁམས་བོད་ཀྱི་དད་ལྡན་མང་པོར་གསུང་ཆོས་ཀྱང་རྒྱ་ཆེར་སྩལ་ཞིང༌། སླར་ཡང་ཡར་ཀླུང་དུ་ཕེབ། སྡེ་དགེ་བསོད་ནམས་མགོན་པོ་དབུས་གཙང་དུ་དགེ་སྒྲུབ་ལ་ཕེབ་པ་ཡར་ཀླུང་དུ་ཕེབ་ཅིང༌། གཞིས་ལེན་རྒྱས་པར་མཛད། ཁྲག་སྐྱུག་ཅེས་པ་ཆུ་ཕག་ཟླ་བ་དང་པོའི་ཚེས་བཅུ་ནས་བཟུང༌། བཀྲ་ཤིས་ཆོས་སྡེའི་བླ་མ་ལྷ་ཁང་དུ་སྤོ་བོ་ཡར་འབྲོག་དགོན་གྱི་སྤྲུལ་སྐུ་ལྷུན་གྲུབ་ཕུན་ཚོགས་དཔོན་གཡོག་ལྔ། འབྲས་གླིང་རབ་འབྱམས་པ་མདོ་སྔགས་ཆོས་འཕེལ། ཚག་གུར་རབ་འབྱམས་པ། རིག་འཛིན་སྐལ་བཟང་རྣམ་གྲོལ་སོགས་ཕྱོགས་འདུས་དང་གཉུག་མར་གནས་པའི་འདུས་པ་ཤིན་ཏུ་མང་བར་གསུངས་ངག་རིན་པོ་ཆེ་དབང་ལུང་ཁྲིད་སོགས། ཚར་གསུམ་པ་གཟབས་རྒྱས་དང༌། མཇུག་ཏུ་འདོད་ཆོས་ཀྱང་ཤིན་ཏུ་མང་བར་སྩལ་ལོ། །དེ་དག་གི་དོན་བསྡུ་ན། ས་དབང་གནས་སྐབས་མཐར་ཐུག་ཕན་བདེར་བཀོད། །བསྟན་འགྲོའི་དོན་ཕྱིར་ཉིད་ཀྱི་སྐུ་རིམ་མཛད། །དབུས་གཤེགས་ཆོས་འཁོར་བསྐོར་ཞིང་འཕགས་སྡེ་བཟུང༌། །གནས་གསར་འཇམ་མགོན་རྣམ་དཀར་མཛད་ཕྲིན་ཡིན། །ཞེས་སོ། །དེ་ནས་ལོ་འདིའི་སྟོན་ཁོ་བོས་དབུས་ཀྱི་གནས་རྟེན་རྣམས་མཇལ་བར་ཕྱིན་སྐབས་ནས་བཟུང་སྐྱབས་མཆོག་ཡིད་བཞིན་ནོར་བུ་འདི་ཉིད་རྙེད་པ་ཡིན་ཏེ། དེའང་ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་རང་ལུགས་སྙན་བརྒྱུད་བསྟན་པའི་མངའ་བདག་ཡིན་པ་དང༌། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་འཇམ་མགོན་ཨ་མེས་ཞབས་ཀྱི་དབུ་བླ་མཛད་པ་དང༌།