[A:༡༤༦]འདུན་བསམ་འགྲུབ་གཉིས་ནས་སྦྱིན་བདག་བགྱིས་ཏེ། རྔ་ཆེན་ཞེས་པ་ཆུ་ཁྱི་ཟླ་བ་ལྔ་པའི་ནང་ནས་དཔལ་བསམ་ཡས་དབུ་རྩེའི་བར་ཁང་གཡུ་ཞལ་མཐིལ་དུ། བཅོ་བརྒྱད་ནས་ཆོས་ཀྱི་རྗེ་ཡབ་སྲས། ཁ་རག་བོད་འབྲུག་ཆོས་རྗེ། ཉན་པོ་ཆོས་རྗེ་སྐུ་མཆེད། གླིང་སྨད་ཞབས་དྲུང༌། གཞི་པ་དཔོན་སློབ། བཀྲ་ཤིས་ཆོས་སྡེའི་དཔོན་སློབ་སོགས་ཕྱོགས་འདུས་དང༌། གཉུག་མར་གནས་པ་མཁན་སློབ་དགེ་འདུན་དང་བཅས་པ་སོགས་འདུས་པ་སུམ་བརྒྱ་བརྒལ་བ་ལ་གསུང་ངག་རིན་པོ་ཆེ་དབང་ལུང་ཁྲིད་གསུམ་ཤིན་ཏུ་རྒྱས་པ་སྟེ། ཚར་གཉིས་པ་དང༌། གཞན་ཡང་མཁའ་སྤྱོད་མ་དང་རྟ་མགྲིན་ཡང་གསང་སོགས་འདོད་ཆོས་ཀྱང་ཤིན་ཏུ་མང་བ་དང༌། སེར་སྐྱ་སྟོང་ཕྲག་བརྒལ་བ་ལ་ཐེག་པ་ཆེན་པོའི་སེམས་བསྐྱེད། གསུང་ངག་ཚར་ཆོས་སུ་སེར་སྐྱ་ཤིན་ཏུ་མང་བར་འཆི་མེད་དཔལ་སྟེར་གྱི་ཁྲོམ་དབང་བཅས་སྩལ། རབ་བྱུང་གྲྭ་ཚང་གི་སྦྱིན་བདག་སོགས་སྤྱི་སྒོས་རྣམས་ཀྱིས་གཏོང་བའི་སྒོ་བརྒྱ་རྣམ་པར་ཕྱེ་བའི་ཟང་ཟིང་གི་མཆོད་སྤྲིན་གཟབས་རྒྱས་ཆད་མེད་དུ་བསྟར། དེ་ལྟར་ཆོས་སྲིད་ཀྱི་འབྱོར་པ་རྫོགས་ལྡན་གྱི་རྗེས་སུ་སྙེགས་པ་ལ་གནས་སྲུང་ཆོས་སྐྱོང་ཆེན་པོའང་རྗེས་སུ་ཡི་རངས་ཏེ། དམ་ལྡན་དགེ་བཤེས་ཀྱིས་རྡོ་རྗེ་གདན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལེགས་ཤིང༌། འདྲེའང་ཡིད་སྤྲོ་ཞེས་སོགས་ཀྱིས་གཟེངས་བསྟོད་དང་ལྷ་རྫས་སྲིད་དུ་རིང་བ་ཕྱག་མཚན་བ་དན་དང་བཅས་པ་ཕུལ་ཞིང་ལུས་དང་གྲིབ་མའི་ཚུལ་དུ་མི་འབྲལ་བར་ཕྲིན་ལས་བསྒྲུབ་པར་ཞལ་གྱིས་འཆེས། དེ་ནས་ལྷ་ལྡན་བརྒྱུད་དེ་འཕགས་སྡེར་ཆིབས་བསྐྱོད། གཉན་མཁར་ནག་གི་འབྲང་ལ་ཁ་བཏགས་དྲི་མེད་ཅིག་ཕུང་ངེ་འདུག་པར་གཞིས་བདག་གི་མཇལ་དར་ཡིན་འདུག །