R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༤༩
[A:༡༤༩] གནས་གསར་སྟོང་དཔོན་ས་སྐྱ་པའི་སྐུ་ཉེ་ཡིན་པ་སོགས་ངེད་རང་ན་ཕྲ་བས་ཅིའང་ཧ་མ་གོ །ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ནས་གསུང་སྒྲོས་ཀྱི་ཟུར་ལ་ཡར་ཀླུང་དཔོན་རིན་པོ་ཆེ་ཞེས་གནས་ཚུལ་གསུང་སྐབས་དགྱེས་ཉམས་མཛད་པ་དང༌། གཞན་གོ་ཐོས་སྣ་ཚོགས་ལ་ཕྱོགས་ལྷུང་གི་གཏམ་ཡང་དུ་མ་གོ་བ་བཅས། ཡར་ཀླུང་དཔོན་རིན་པོ་ཆེ་དེ་བཟང་ངན་ཅི་འདྲ་ཡིན་ནམ་སྙམ་པ་ལས་མཐའ་གཅིག་ཏུ་ངེས་པའི་བཟང་ངན་མེད་མུར་དབུས་ལ་འགྲོ་ཉེའི་སྐབས་ཐར་རྩེ་རྡོ་རྗེ་འཆང་ནམ་མཁའི་མཚན་ཅན་དེ་ཉིད་ཀྱིས། མ་དྲུང་དང་མཛོད་པ་བཅས་ལ་ཡར་ལུང་ཞབས་དྲུང་སྐུ་རུས་སྐུ་ཡོན་སོགས་གང་ས་ནས་དབུ་བླར་བཞེས་ཐུབ་པ་ཞིག་བྱུང་ན་ཕེབ་པ་དང༌། རྗེས་སུ་ཕྱག་རིས་ཀྱིའང་བསྐུལ་མ་གནང་བ་བཅས་དབུས་འགྲོའི་སྐབས་ཡར་ཀླུང་དུ་དེ་ལུགས་ཀྱི་སྙན་སྦྲོན་ཞུ་རྩིས་ཡོད་འདུག་པ་ལྟར། ལོ་དེའི་མགོ་ཟླའི་ཚེས་ཉི་ཤུར་ཁྲ་འབྲུག་ཏུ་གནས་ཞག་བྱས་པའི་སང་དེ་ཐོན་ཁར། ཡར་ཀླུང་ཞབས་དྲུང་ཕེབ་བསུར་བྱོན་འདུག་པས་མཇལ་ཕྱག་ལ་བཅར་ན་ཞེས་མགྲོན་གཉེར་གྱིས་ཟེར་དོན་བཞིན་དེ་འཕྲལ་ཕེབ་ཏུ་བཅུག་པས། བླ་མ་སྐུ་བལྟ་བས་ཆོག་མི་ཤེས་ཤིང༌། གསུང་འཇམ་ཞིང་སྙན་པ། མཐོང་བ་ཙམ་གྱིས་དད་པ་དབང་མེད་དུ་འགྲོ་བ་ཞིག་དང༌། ཐོག་མར་མཇལ་སྐབས། གསུང་བགྲོས་ཡུལ་ཙམ་ཞིག་ལས་མ་བྱུང་ཡང༌། རང་ཉིད་ཁ་བལྟ་ཕྱོགས་ཀྱི་རྟེན་འབྲེལ་མ་ལོག་པར་བྱང་བལྟས་སུ་ཡོད་པ་ལ་རྗེ་འདི་ལྷོ་གཟིགས་སུ་ཐོག་མར་འཇལ། རིམ་གྱིས་གཏམ་སྙན་བཞུགས་ཁྲིར་ཆོས་སྡེའི་ཐབ་བསུ་འདུག་པས། དེ་ཐོག་ཏུ་ཆོས་རྒྱལ་འཕགས་པའི་ལོ་རྒྱུས་སོགས་ཤིན་ཏུ་རྒྱས་པར་གསུངས། ཡུམ་བུ་བླ་མཁར་གཙུག་ལག་