[A:༡༥༠]ཁང་དུ་ཇ་གྲལ་སྐབས་ངེད་རང་ལ་སྔོན་གྱི་ལོ་རྒྱུས་ལས་བརྩམས་པའི་གསུང་གླེང་ཞུ་རྒྱུ་མེད་ཀྱང༌། གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་འཕྲལ་དུ་སྣང་བ་ལ་གང་ཤར་དེའི་གནས་ཚུལ་འདྲ་ཞུས་པས། རྒྱལ་རབ་ཆོས་འབྱུང་ལོ་རྒྱུས་ཆུ་བབས་སུ་གསུངས་ཤིང༌། ཞལ་འཛུམས་མདངས་དང་བཅས་དགེས་ཉམས་འདུག་པས། སེམས་ལ་ཡབ་རྗེ་རྡོ་རྗེ་འཆང་དང༌། ཐར་རྩེ་རྗེ། བྲག་རྩ་ཆེན་པོ་རྣམས་རང་ངེས་ཤེས་རྙེད་པའི་བླ་མ་ཡིན་ཀྱང༌། ད་ལྟའི་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་འདི་ལ་བལྟས་ན་བླ་མ་འདི་དེ་བས་ལྷག་པ་ཞིག་མེད་ཀྱང་མི་ཞན་ངེས་སུ་འདུག་སྙམ་པའི་མོས་འདུན་དང་བཅས་པས་ཡར་ཀླུང་དུ་ཕྱིན། སེར་སྦྲེང་དང་བཅས་སླེབས་འཕྲལ་འདུ་ཁང་དུ་དཀར་སྤྲོ་ཇ་གྲལ་ཐོག་གྲྭ་ཚང་གི་འཕྲད་དར་བསྟར། བླ་བྲང་གི་སྒོ་སྤེ་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱི་གཟིམས་ཆུང་དུ་སྡོད་ཡུལ་སྣང་ཚད་མེད་པའི་བདག་རྐྱེན་བཀའ་དྲིན་སྩལ་ཞིང༌། དེའི་སང་ཉིན་སྒྲོལ་དཀར་གྱི་གསུང་ཆོག་སྒོ་ནས་རིང་འཚོའི་རྟེན་འབྲེལ་མཛད་སྐབས་ངོས་འཁོར་བཅས་ལ་སྟོན་མོ་རྒྱས་པ་དང་བཅས་སྐུ་གསུང་ཐུགས་རྟེན། དངུལ་གྱི་མཎྜལ། དཀར་ཡོལ་སྟེགས་བཅས། གདིང་བ། གོས་ཀྱི་བླ་བྲེ། ཡོལ་འཁོར། གསེར་སྲང༌། ཇ་ནག་པོ་འཁོར་དྲུག །རྟ། གོས་ཡུག་སོགས་ཡོད་པའི་དགུ་ཚན་བརྒྱད། གྱོན་པ་ཆ་ཚང༌། རྒྱ་སྦུབ། བཟང་ཇ་འཁོར་དྲུག །པགས་རིགས་དྲུག་སོགས་ཁྱོན་སྡེ་གྲངས་བརྒྱ་དང་ལྔ། སྤྱི་སོ་ནས་དགུ་ཚན་བདུན་ཚན་ལྔ་རེ་དང༌། ལྔ་ཚན་བཅས་ཀྱི་མགོར་རྟ། ཐེར་རྒྱུ་གཙང་གསུམ། ཕྲུག་གཉིས། དཀར་ཡོལ། གཞན་ཡང་མཛོད་པ་སོགས་ལ་སྤྱི་སྒོས་ནས་དངོས་པོའི་གནང་སྦྱིན་