[A:༡༥༡]གཟབས་རྒྱས་སྩལ་ཞིང༌། མཎྜལ་གྱི་མཐར་ཡུན་འཚོའི་ཁས་བླངས་དགོས་ཚུལ་གསུངས་དུས། བཀའ་བསྟན་ཐམས་ཅད་ཐུགས་ལ་བཞུགས་པ་ལྟ་བུའི་ལེགས་བཤད་བཀའ་དྲིན་བསྐྱངས་བྱུང་བས། ད་ཆ་བླ་མ་འདིའི་ཞབས་ལ་གཏུགས་ནས་གསུང་གི་བདུད་རྩི་མྱོང་ཆོག་པ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་མོས་འདུན་ལྷག་པར་ཆེ་བར་ཡོད་སྐབས། མཛོད་པ་གྲྭ་ཚང་བ་རྒྱལ་མཚན་རིན་ཆེན་གྱིས་ངེད་རང་ནས་ཡབ་རྡོ་རྗེ་འཆང་སོགས་བླ་མ་ཁ་ཤས་ལ་ཆོས་ཐོབ་ཚུལ་དང༌། ད་ལྟ་ཐོས་བསམ་བྱེད་མུ་ཡིན་པས་རྣམ་འདྲེན་དམ་པ་ཉིད་ཀྱང་དབུ་བླར་ཕེབ་དགོས་ཞུས་ཤིང༌། དེའི་རྒྱུ་མཚན་ཐར་རྩེ་རྡོ་རྗེ་འཆང་གི་བཀའ་ཕེབ་སོགས་ཞུས་ཡོད་དམ། གང་ལྟར་ཀྱང་ཕེབ་ལན་དུ། ད་ལམ་ཆོས་འབྲེལ་ཞིག་ཕུལ་ནས་འགྱང་མིན་འདོད་སྦྱར་འོང་བའི་ཞལ་བཞེས་ཕེབ་འདུག་པས་བཀའ་ཆོས་སོང་སྩལ་རྒྱུའི་དོ་ནུབ་དེར་དགའ་སྤྲོ་ཚད་མེད་པ་བྱུང་ཞིང༌། དེའི་སང་ཉེར་གསུམ་ལ་ཆོས་སྡེའི་ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་པདྨ་འོད་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་ཐུན་མོང་མ་ཡིན་པ་སྩལ་བྱུང་བར་གསུང་བཤད་ཤིན་ཏུ་རྒྱས་པས་ཀྱེ་རྡོར་རྒྱུ་དབང་མདོར་བསྡུས་བསྐུར་བའི་ཡུན་ཙམ་གྱི་ཚོད་བྱུང་ཞིང༌། གོང་གི་ཐུགས་རྗེ་དང་རང་གི་དད་པས་བྱིན་རླབས་ཀྱང་དེ་འཕྲལ་ཞུགས་པ་ལྟ་བུས་སྟོན་དང་བསྟན་པ་གཞན་ནས་མི་འཚོལ་བའི་མོས་གུས་ཀྱིས་ཚིམ་པ་ཐོབ། དེ་སྐབས་སུའང་དཀར་སྤྲོ་དང༌། ཡང་ངེད་རང་ནས་ཀྱང་རྗེ་འདི་ཉིད་དང་བཀྲ་ཤིས་ཆོས་སྡེ་ཚོགས་ཡོངས་ལ་འཇམ་དབྱངས་དམར་སེར་གྱི་རྗེས་གནང་ཕུལ་ཞིང༌། གོང་གི་ཞབས་འགྱུར་བ་མཛོད་པ་འཇམ་དཔལ་རྒྱ་མཚོ་ནས་དབང་བཞིའི་སྦྱིན་བདག་གི་མཁོ་རྒུའི་ཡོ་བྱད་གྱ་ནོམ་