R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༥༣
[A:༡༥༣]རིན་པོ་ཆེའི་དབང༌། བྱིན་རླབས། རྒྱབ་བརྟེན་ལུང་བཅས། ཚར་བཞི་པ་རྒྱས་པ་དང༌། གཞན་ཡང་ཆོས་བཀའ་རྒྱ་ཆེར་གནང་སྟེ། འཕགས་སྡེར་ཆིབས་བསྐྱོད། དགེ་སློང་བློ་གསལ་མཁྱེན་རབ། དགེ་སློང་བློ་བཟང་མཁས་བཙུན། གྲགས་པ་བཤེས་གཉེན་གསུམ་གྱིས་སྦྱིན་བདག་བགྱིས་ཏེ། བཅོ་བརྒྱད་ནས་གདུང་བརྒྱུད་རིན་པོ་ཆེ། བོད་འབྲུག་ཆོས་རྗེ། རིག་འཛིན་སྐལ་བཟང་རྣམ་གྲོལ་སོགས་ཕྱོགས་འདུས་དང་གཉུག་མར་གནས་པ་བཅས་ཆེས་མང་བར། རྒྱལ་ཡུམ་མཁའ་སྤྱོད་དབང་མོའི་ཟབ་ཁྲིད་མཐོང་གྲོལ་ལྡེའུ་མིག་ནང་བཞིན་ཤིན་ཏུ་རྒྱས་པ། རྒྱབ་རྟེན་གྱི་ལུང་སོགས་ཚང་མ། འབུམ་དང་བརྒྱད་སྟོང་པ་སོགས་ཀྱི་ལྗགས་ལུང་དང༌། གཞན་ཡང་འདོད་ཆོས་མང་དུ་གནང་ཞིང༌། རྨོར་ཆེན་རྡོ་རྗེ་འཆང་ཆེན་པོ་དང༌། མཁན་ཆེན་ངག་དབང་བློ་གསལ་བསྟན་འཛིན་གཉིས་ཀྱི་སྐུ་མཆོད་སོ་སོར་མཁའ་སྤྱོད་མའི་ཆོ་ག་གསར་འཛུགས་ཀྱི་ཆག་མེད་འོང་བའི་ཐེབས་སུ་དངུལ་སྲང་ཉེར་དྲུག་སྦྱོར་འཇགས་གནང༌། གསར་རྙིང་གི་རྒྱུད་སྡེའི་ཕྱག་ལེན་མན་ངག་རྣམས་ལ་རང་བྱན་ཚུད་ཅིང༌། ཁྱད་པར་གོང་ཞབས་ལྔ་པ་ཆེན་པོའི་བཀའ་འབུམ་གྱི་ལུང་རྒྱུན་ཁོ་ནའི་ཆེད་དུའང་དབུ་གཡོར་གཉིས་ཆུ་བཞིན་ཉུལ་ཏེ་བླ་མ་མང་དུ་བསྟེན་ནས་གསུང་འབུམ་ཕྱི་ནང་གསང་གསུམ་གྱི་ལུང་རྒྱུན་བཞུགས་སོ་ཅོག་གསན་པའི། ཆོས་རྗེ་རིན་པོ་ཆེ་བཀྲ་ཤིས་པའི་དྲུང་ནས་རྣམ་རྒྱལ་གྲྭ་ཚང་གི་འདོན་ཆོག་སྐོར་ཕལ་མོ་ཆེ། རྒྱལ་དབང་ལྔ་པ་ཆེན་པོའི་བཀའ་འབུམ་ཕྱི་ནང་མང་པོ། གཞན་ཡང་ཕན་ཆའི་སྐོར་ཤིན་ཏུ་མང་བ་དང་བཅས་པ་གསན་ཅིང༌། སླར་བཀའ་འབུམ་ཡོངས་རྫོགས་གསན་པའི་སྙན་གསན་འབུལ་བ་གནང་ནས་ལྷ་ལྡན་དུ་ཆིབས་བསྐྱོད། རྨོར་ཆེན་རྡོ་