R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༥༤
[A:༡༥༤]རྗེ་འཆང་གི་ཞལ་སློབ་གྲུབ་དབང་འགྱུར་མེད་པདྨ་རྒྱལ་མཚན་གྱི་དྲུང་ནས། དཀོན་མཆོག་སྤྱི་འདུས་ཞི་དྲག་སེང་གསུམ་གྱི་དབང༌། ཚེ་དབང༌། བསྐྱེད་རྫོགས་ཀྱི་ཁྲིད། གཏེར་གཞུང་ཡོངས་རྫོགས་དང་གསར་རྩོམ་གྱི་ཡི་གེ་མང་པོའི་ལུང༌། འབྲི་གུང་པས་མཛད་པའི་འཕོ་བ་འཇགས་ཚུགས་མའི་ལུང་ཁྲིད། རྒྱལ་དབང་ལྔ་པ་ཆེན་པོ་དང་གཏེར་བདག་གླིང་པ་གཉིས་ཀྱི་གསུང་འབུམ་ཐོར་བུ་སོགས་ཀྱི་ལུང་རྣམས་གསན། ཞྭ་ལུ་བ་རིན་ཆེན་འཇམ་དཔལ་ཆོས་མཆོག་ལ་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རིན་ཆེན་སྙིང་པོའི་ལུང་གསན། གྲུབ་པའི་དབང་པོ་གནུབས་སྟོན་བློ་བཟང་དོན་གྲུབ་ཀྱི་དྲུང་ནས། བྱང་གཏེར་ཚེ་དབང་ལྕགས་སྡོང་མའི་དབང་ལུང༌། རྒྱ་ཅན་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་དབང་ཁྲིད་ལུང་སོགས་ཡོངས་སུ་རྫོགས་པ་དང༌། རྒྱལ་དབང་ལྔ་པ་ཆེན་པོ་དང་རིག་འཛིན་པདྨ་ཕྲིན་ལས་གཉིས་ཀྱི་གསུང་འབུམ་སྐོར་མང་བ། ཐུགས་རྗེ་ཆེན་པོའི་མིག་འབྱེད་དང༌། ཧྲཱིཿདམར་གཤིན་རྗེ་འདུས་པའི་ཡང་སྙིང༌། བླ་མ་སྐུ་གསུམ་གྱི་ཁྲིད་ལུང་ཡོངས་རྫོགས་སོགས་ཤིན་ཏུ་ཟབ་པའི་མནོག་ཆོས་མང་དུ་གསན་ཏེ་ཆོས་སྡེར་ཆིབས་བསྐྱོད། ཟླ་བ་དགུ་པའི་ནང་དུ་གཙང་ལ་ཕེབ་པའི་ཕེབ་ལམ་དུ་བཀྲ་ཤིས་ལྷུན་པོར་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོར་མཇལ་ཕྱག་དང་གནས་གཟིགས་མཆོད་འབུལ་སྨོན་ལམ་མཛད་དེ་ཤབ་བརྒྱུད། འདར་གྲོང་ཆེན་དུ་ཕེབ་སྐབས་བསུ་བ་སེར་སྦྲེང་ཆིབས་བསུའི་བཀོད་པ་རྒྱས་པར་ཞུས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཤོག་བུ་བཞི་ཤོག་མ་ཞིང་ཁམས་ཆེ་ཞིང་སྤར་གསལ་ཆུ་སྐྱོན་སོགས་མེད་པའི་དངོས་གཙང་དང༌། བཟང་གོས་ཀྱི་བླ་རེ་ཆེ་ལེགས། རྒྱ་སྦུབ་སོགས་འབུལ་སྦྱོར་