[A:༡༥༥]མཛད། བྲག་རྩ་རྡོ་རྗེ་འཆང་བློ་གསལ་མཚན་ཅན་གྱི་དབུས་འདུས་ཚོགས་རྣམས་ལ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་སྟེང་ནས་རྣམ་རྒྱལ་ལྷ་དགུའི་རྗེས་གནང་ལུང་བཅས་དང༌། དེའི་བསྟོད་པ་ངོར་ཆེན་ཀུན་དགའ་བཟང་པོས་མཛད་པའི་འདོད་གསོལ་བཅས་གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་རྟོག་པ་དང་བཅས་པ། ངན་འགྲོ་ཡོངས་སྦྱོང་གཙུག་ཏོར་རྣམ་རྒྱལ་གྱི་ལུང་སྩལ། འདུས་ཚོགས་ཀྱིས་སྒྲོལ་དཀར་གྱི་ཆོ་ག་དང་འབྲེལ་བའི་ཞབས་བརྟན་འབུལ་བ་བསྙེན་བཀུར་སོགས་གཟབས་ཏེ་ཞུས། དེ་སྐབས་བྲག་རྩ་རྡོ་རྗེ་འཆང་དང་བླ་བྲང་དུ་ཞལ་རྒྱས་མཛད་སྐབས་བྲག་རྩ་རྗེས་གཞན་མ་རང་གི་བློ་ལ་ཡོད་པ་ཕལ་ཆེར་འགྲུབ་བྱུང་ཡང༌། འདར་ཤིང་མང་གི་འདུ་ཁང་ལ་ཉམས་གསོའི་བློ་ཡོད་པ་མ་གྲུབ་པས་རྗེ་འདི་ཉིད་ལ་ཞིག་གསོ་བཀའ་དྲིན་སྐྱོང་དགོས་ཞུ་བར་མཛད་པའི་ལན་དུུ་ད་ལམ་ཐུབ་པ་ཞིག་མ་བྱུང༌། སླར་དེ་བཞིན་འགྲུབ་པར་བགྱི་ཞེས་ཞལ་གྱིས་བཞེས། གྲོང་ཆེན་དུ་ཕེབ་པ་ཐོས་འཕྲལ་འདི་ནས་གསོལ་འདེབས་ཀྱི་ཞུ་ཤོག་སྐྱེས་བཅས་ཕུལ་དོན་བཞིན་ཆིབས་ཁ་བསྒྱུར་ཏེ། ལོ་དེའི་ཟླ་བ་བཅུ་པའི་ཚེས་ཉེར་གསུམ་ལ་ས་སྐྱར་ཕེབ་སྐབས་ཆིབས་བསུ་བ་སོགས་ལེགས་པར་བསྒྲིགས་ཏེ་གནམ་གཤིས་འཇམ་པ་སོགས་དགེ་མཚན་དང་བཅས་དཔལ་ས་སྐྱའི་གཞི་ཐོག་བླ་བྲང་གི་གསང་སྔགས་ཕོ་བྲང་དུ་སྤྱན་དྲངས་ཏེ་བཞུགས་གདན་འཇགས། ཕེབ་འཕྲལ་གསོལ་ཇ་གསོལ་ཆས་སོགས་ཕུལ་ཞིང༌། དབང་ཁང་སྨིན་གྲོལ་བདེ་ཆེན་དུ་མཇལ་འཛོམ་ཞུས་སྐབས་ཚུར་དངོས་པོ་རྒྱ་སྤོམ་ཆེ་བའི་གསོལ་རས་སྩལ་ཞིང༌། ཕར་གསོལ་ཇ་གསོལ་སྟོན་ཐོག་ངེད་རང་ནས་ཕེབ་ལམ་གནས་ཚུལ་ལས་བརྩམས་པའི་གསུང་བགྲོས་ཡུལ་ཙམ་ཞུས་ཤིང༌།