R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༥༦
[A:༡༥༦] གནས་སློབ་བཟོད་པ་བཀྲ་ཤིས་ཀྱིས་རང་བཞིན་གྱི་གླེང་མོ་སྣ་ཚོགས་ཞུས་ནས་ཞབས་ཕྱི་རྣམས་ཕྱིར་གྱེས་གྲུབ་དང་བསྟུན་དུམ་ཙམ་ཞིག་བཞུགས་གདན་འཇགས་ཐོག །སྤྱིར་ཁའུ་པའི་བླ་མ་རྣམས་མཁས་གྲུབ་གཞན་དང་མ་འདྲ་ཞིང༌། ཁྱད་པར་རྨོར་ཆེན་ཆོས་ཀྱི་རྒྱལ་པོ་དེ་ཉིད་འཇམ་པའི་དབྱངས་དངོས་སུ་བཞུགས་པའི་བཀའ་དྲིན་གྱིས་དཔལ་ས་སྐྱའི་སྙན་བརྒྱུད་ཟབ་ཆོས་རྣམས་ཀྱིས་མཚོན་ཆོས་བཀའ་ཐོབ་རྒྱ་མ་ཆུང་ཙམ་ཡོད་ཀྱང༌། རང་ཉིད་སྐྱེས་སྦྱངས་ཀྱི་ཤེས་རབ་ཀྱིས་དབེན་པ་སོགས་སྒོ་དུ་མ་ནས་གདན་ས་ཆེན་པོའི་དབུ་བླ་འོང་རེ་མེད་ཀྱང༌། ན་ཉིན་དབུས་སུ་ཕེབ་སྐབས་ནས་བཟུང་བཀའ་ནན་ཤིན་ཏུ་ཆེ་བ་བཅས་ད་ལམ་སྐུ་མདུན་དུ་བཅར་ཐོག་ཡབ་ཆོས་རྣམས་འབུལ་ཐུབ་རེ་སོགས་ཤིན་ཏུ་སྐལ་བ་བཟང་བ་ཞིག་བྱུང་ནས། དེ་སྐོར་འདི་ཁའི་དགོངས་པ་དང་བསྟུན་རིམ་བཞིན་ཞུས་ཆོག་པ་ཞིག་དགོས་གསུང་བར། ངེད་རང་ནས་ཐུགས་རྗེ་ཆེ་ཞུས། གནས་སློབ་ཀྱིས་དེའི་ལན་དུ། མཁས་པ་སྔ་མས་སྦྱར་བ་ཡི། །ཚིག་དོན་ལ་ནི་བྱིན་རླབས་ཡོད། །གསུངས་པ་ལྟར་སྔོན་གྱི་བླ་མ་གོང་མའི་ཕྱག་ལེན་ལྟར་བཀའ་དྲིན་བསྐྱང་བས་དེས་གོ་ཆོད་པར་འདུག །ཅེས་སོགས་བཅོས་མེད་ཀྱི་ཚིག་ཧུར་ཐུམ་རྦད་ཆོད་འདྲ་མོ་ཞུས་སོང་བས་བཞད་མོ་དང་བཅས་ཕེབ་སོང༌། ལོ་དེའི་སྨིན་དྲུག་ཟླ་བའི་ཉེར་ལྔ་ནས་བཟུང་ཤིང་གླང་དབོ་ཟླ་བའི་ཉེར་ལྔའི་བར་ལ་གཙོ་བོར་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་དབང༌། བྱིན་རླབས། ལུང༌། ཁྲིད་བཀའ་བཅས། ཚར་ལྔ་པ་དང༌། ཞར་བྱུང་དུ་ཆོས་བསམ་གྱིས་མི་ཁྱབ་པ་སྩལ་པ་རྣམས་བསྡམས་ནས་བཀོད་ན། རྗེས་གནང་སྐོར་ལ་ཚེ་དཔག་མེད་དཀར་པོ། འཇམ་དཀར་གསེར་གདུགས་དང་མ་ཏི་ལུགས། ཡེ་ཤེས་ཡོན་ཏན་བཟང་པོ། འཇམ་