R194: ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གི་བླ་གོས་འཆང་བ་དཔལ་གནས་གསར་བ་ཆེན་པོ་འཇམ་མགོན་བླ་མ་ཐམས་ཅད་མཁྱེན་པ་ལེགས་པའི་མཚན་གྱི་ཞལ་སྔ་ནས་ཀྱི་རྣམ་པ་ཐར་པ་ངོ་མཚར་རབ་འབྱམས།

  • Pagination (Witness A): ༡༦༠
[A:༡༦༠]ཁུལ་དང༌། ཤིང་གླང་རྒྱལ་ཟླའི་ལོ་གསར་ཉིན་གོང་རྗེས་གནང་གི་གྲས་སུ་བཤད་པའི་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་རྗེས་གནང་དེ་སྩལ་ཞིང་དགའ་སྟོན་གྱི་ཚོགས་སུའང་སྤྱན་དྲངས་ཏེ་བསྙེན་བཀུར་ཐོག་མཁན་རིན་པོ་ཆེ་ཀུན་དགའ་ཟླ་འོད་ཀྱིས་ལོ་གསར་གསུང་བཤད་དེ་ཤིན་ཏུ་འཇེབས་པ་ཞིག་ཡོད་པས་དེ་སྐབས་ནས་བཟུང་ཐུགས་མཉེས། ལོ་དེའི་རྟ་ཟླའི་མཇུག་བར་འབྲོག་ཆུ་བཟང་སྤྲུལ་སྐུ་ངོས་འཕྲད་ལ་འབྱོན་པར་ངེད་རང་གནས་ཁྱད་འཕགས་བྱང་དུ་གུར་ལྷ་བརྒྱད་ཀྱི་རྗེས་གནང་ཞིག་བགྱིས་སྐབས་ཀྱང་རྣམ་འདྲེན་དམ་པ་འདི་དང་རྩེ་གདོང་སྤྲུལ་པའི་སྐུ་གཉིས་ཆར་བྱོན་བྱུང་བས་ཤིན་ཏུ་འཚེར་སྣང་ཤར། དབོ་ཟླ་བའི་ཚེས་དྲུག་ལ་གོང་བྱིན་རླབས་ཀྱི་གྲས་སུ་བཤད་པའི་རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་དེ་སོགས་སྩལ། བདུན་ནས་བཟུང་ཆུ་སྟོད་ཟླ་བ་ཉིས་བརྩེགས་ཀྱི་ཕྱི་མའི་ཚེས་ལྔའི་བར་ལ་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་སྩལ་བར། གོང་ཚེས་དེ་ནས་ས་གའི་བཅོ་ལྔའི་བར་སྔ་དྲོ་བཀའ་འགྱུར་རིན་པོ་ཆེ་དང༌། ཕྱི་དྲོ་གསུང་ངག་སྐབས་སུ་སྩལ་མ་གྲུབ་པའི་ལྗགས་ལུང་གི་རིགས་དང༌། ས་གའི་བཅུ་དྲུག་ནས་བཟུང་བཀའ་འགྱུར་རིན་པོ་ཆེ་ཆིག་སྒྲིལ་བཀའ་དྲིན་བསྐྱངས་ཏེ་མྱང་འདས་ཆེན་མོའི་ལྗགས་ལུང་སྐབས་ལྗགས་དབུགས་འཚངས། མགུལ་འཁྲིལ། སྤྱན་ཆབ་ཆུ་བོའི་རྒྱུན་བཞིན་མཛད་ནས་དགོངས་ཆོས་ཀྱི་འཕྲོ་དེ་ཡེ་གནང་མ་ཐུབ་པར་འཇོག་དགོས་སོགས་ངེས་པར་འབྱུང་བའི་ཐུགས་བཟོད་བླག་མེད་པ་དེ་ལྟ་བུའི་སྒོ་ནས་ཀྱང་བདག་སོགས་སྙིང་ལྕགས་ཁམས་ལས་གྲུབ་པ་རྣམས་ལ་མི་རྟག་པ་སྟོན་པའི་བརྡ་དོན་ཡང་དག་པར་སྟོན་པར་མཛད་དོ། །སྣྲོན་ཟླའི་ཚེས་མགོ་གཟའ་ཚེས་ལེགས་པ་ལ་བསམ་གླིང་ལྷ་མོ་གསོལ་མཆོད་ཉིན་བཀའ་