[A:༡༦༡]འགྱུར་ལྗགས་ལུང་བཤོལ་ནས་ལྷན་དུ་ཕེབ་སྟེ་དེར་སྐྱབས་མགོན་འདི་ཉིད་ཀྱིས་བསང་ཆབ་ཀླུ། ལྷ་མོའི་གཏོར་བསྔོ་སོགས་བཞུགས་སྒར་དེ་ཐོག་ནས་སྩལ་ཞིང༌། གནས་གཟིགས་སྙན་ཤལ་འབུལ་གནང་དང༌། གསོལ་སྟོན་སོགས་ཞུས། བྲག་རྩ་རྡོ་རྗེ་འཆང་ཞིང་ཁམས་གཞན་དུ་གཤེགས་ཉེའི་སྐབས་ཞུ་ཤོག་ཆེད་མངགས་ཀྱི་སྙིང་པོར་བདག་ནི་དུས་ཐ་འདིར་ཐུག་སོང་བས་སྐུ་ཞབས་ནས་དགོན་གོགས་འདི་ལ་བརྩེ་བས་དགོངས་དགོས་ཚུལ་འབུལ་བར་མཛད་དེ། དྲུག་པ་ཉིས་བརྩེགས་ཀྱི་སྔ་མའི་ཚེས་བདུན་ལ་མྱ་ངན་ལས་འདས། ཕྱི་མའི་ཚེས་ལྔ་ལ་བཀའ་འགྱུར་རིན་པོ་ཆེའི་ལྗགས་ལུང་གྲུབ་སྐབས་སྔར་གསུང་ངག་རིན་པོ་ཆེ་སོགས་དབང་བཀའ། རྗེས་གནང༌། ལུང་ཁྲིད་རྒྱས་པར་བཀའ་དྲིན་བསྐྱངས་པ་དང༌། འདིར་རེས་བཀའ་འགྱུར་རིན་པོ་ཆེ་ཡོངས་རྫོགས་ཐུགས་འཁུར་ཆེན་པོའི་སྒོ་ནས་སྐུ་ངལ་དུབ་ཁྱད་དུ་བསད་དེ་ལྗགས་ལུང་བཀའ་དྲིན་བསྐྱངས་པ་བཅས་ཀྱི་ཆོས་ཡོན་དུ་དམིགས། དབང་ཁང་སྨིན་གྲོལ་བདེ་བ་ཅན་དུ་དཔོན་གཡོག་ཚང་མར་གསོལ་སྟོན་ཞུས་ཐོག་དངོས་པོ་ཕྲན་ཙམ་ཕུལ་བར་བོང་བ་གསེར་གཟིགས་ལྟ་བུས་འདི་ལྟར་རྒྱ་ཆེ་དཔངས་མཐོ་བྱུང་བ་འདི་དག་ཟབ་ཆོས་རྣམས་ཀྱི་ཆེ་བར་ཤིན་ཏུ་འབྲེལ་ཆེའང༌། གདན་ས་ཆེན་པོ་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་ཕྱག་འགྲོ་འདི་ཙམ་ཡོད་ཁར་ཁོ་བོ་དེ་རིང་དཀོར་ནག་གི་རྒྱ་མཚོ་ཆེན་པོར་བསྐྱུར་སོང་ཞེས་གདུང་ཤུགས་ཀྱི་སྤྱན་ཆབ་བསིལ་ཞིང་དངོས་པོ་ཚང་མ་ཕྱིར་སློག་བཀའ་དྲིན་བསྐྱངས་བྱུང་བར། སྤྱིར་བདེ་བར་གཤེགས་པའི་བཀའ་ཤྭ་ལོ་ཀ་གཅིག་ཙམ་ཐོས་པའི་སྐུ་དྲིན་ཀྱང་གསོ་བ་དཀའ་ན། སྨིན་གྲོལ་ཆོས་ཀྱི་འཁོར་ལོ་ཡུན་རིང་བསྐོར་བ་འདི་ལྟའི་བཀའ་དྲིན་གྱི་